R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 69
[A:69]དང༌༑ དྲི་ཟའི་གྲོང་ཁྱེར་དང༌། ཆུ་ཤིང་གི་ཕུང་པོ་བཞིན་དུ་སྙིང་པོ་མེད་པ་དང་ཡིད་བརྟན་དུ་མི་རུང་བ་དང་ཀེམ་པའི་འབྲས་བུ་ལྟར་ཉེས་དམིགས་མཐའ་ཡས་པའི་འབྱུང་གནས་སུ་གཟིགས་ཏེ་ཐར་པ་མྱ་ངན་ལས་འདས་པའི་བདེ་བ་དམ་པས་ཐུགས་འཕྲོགས་པའི་ངེས་འབྱུང་དྲག་པོ་ཡང་དང་ཡང་དུ་ཐུགས་ལ་འཁྲུངས་ནས་གཞོན་ནུ་དགུང་ལོ་བདུན་བརྒྱད་ལས་མི་མང་པའི་དུས་ཉིད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ནང་དུ་ཞུགས་ནས་མཚན་ནམ་མཁའ་འོད་ཟེར་ཞེས་བྱ་བར་བཏགས་ཏེ། སྐུའི་ལྷུན་པོ་ངུར་སྨྲིག་དྲི་མ་མེད་པའི་མཚམས་སྤྲིན་གྱིས་མཛེས་པར་བྱས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ནམ་མཁའ་ཕན་བདེའི་འོད་ཟེར་གྱིས་ཁྱབ་པར་མཛད་དོ། །དེ་མ་ཐག་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་བསླབ་པར་བྱ་བའི་དགག་བསྒྲུབ་གནང་གསུམ་གྱི་བསླབ་གཞི་རྣམས་ལ་ལེགས་པར་སྦྱངས་ནས་ཇི་ལྟར་ཐུགས་སུ་ཆུད་པ་མཐའ་དག་ཕྱག་ལེན་ལ་ཐེབས་པའི་སྒོ་ནས་ཚུས་ཁྲིམས་ཀྱི་རྒྱ་མཚོ་ཆེན་པོ་ཉེས་ལྟུང་གི་རྙོག་པས་རྣམ་པ་ཀུན་ཏུ་དབེན་པར་མཛད་ཅིང༌། རང་ཉིད་བསྟན་པ་རིན་པོ་ཆེ་ལ་ཞུགས་ཤིང་ཉེས་པ་དང་བྲལ་བའི་བདེ་བ་བརྙེས་པ་ཉིད་ཀྱིས་རྐྱེན་བྱས་ནས། མཐའ་མེད་པའི་སེམས་ཅན་འཕྲལ་དང་ཡུན་གྱི་བདེ་བས་ཕོངས་པ་དང་སྡུལ་བསྔལ་བརྒྱ་ཕྲག་གིས་རྟག་ཏུ་མནར་བའི་ཚུལ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་འཁྲུངས་ནས། ད་ནི་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་ལེགས་པར་བསླབ་པར་བྱ་ན་ཐེག་པ་ཆེན་པོའི་བསམ་སྦྱོར་བླ་ན་མེད་པ་རྣམས་སྟོན་པའི་གསུང་རབ་ལ་ཐོག་མར་བསླབ་པར་བྱའོ་སྙམ་དུ་དགོངས་ནས་བྱང་ཆུབ་