R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 3
[A:3]དཔལ་བཟང་པོ་རང་ཉིད་ཀྱིས་བསྣན་པ་ལྟ་བུའམ། མིང་ཤིན་ཏུ་རིང་པོ་དགོས་ཞེས་ཞུས་ནས་བཏགས་པའི་ལོ་ཙཱ་བ་མཆོག་ལྡན་གྱི་མཚན་ལྟ་བུ་ཡིན་ནོ། །རིན་ཐང་མེད་ཅེས་པ། ཐུགས་རྗེ་ཆེན་པོ་རིན་པོ་ཆེའི་གཟུགས་སུ་བྱས་ནས། རིན་ཐང་ཚད་མེད་པའི་དོན་ཡིན་ནའང༌། དགག་ཚིག་ལ་འཁྲིལ་ནས་རིན་ཐང་གཏན་མེད་པ་ལྟ་བུའི་སྣང་བ་འཆར་ན། རིན་ཐང་གཞལ་མེད་ཐུགས་རྗེ་ཅན། །ཞེས་བརྗོད་ནའང་རུང་ཞིང༌། རིན་ཐང་གཞལ་དུ་མེད། །སོགས་བརྗོད་ན། ཤེས་ཤེས་ཞེས་དང༌༑ རིན་རིན་ཞེས་སོགས་ཟློས་འཁྲིད་ཀྱི་རྒྱན་ཉམས་པར་འགྱུར་བས་མི་བྱའོ།། རྒྱལ་བའི་རིང་ལུགས་ནི། དེའི་བསྟན་པའམ། རྣམ་ཐར་གྱི་མིང་ངོ༌། གཉིས་པ་ལ། ཡོན་ཏན་གྱི་གཙོ་བོ་སྤྱིར་བསྟན། ཡོན་ཏན་གྱི་ཁྱད་པར་སོ་སོར་བཤད་པའོ། ། དང་པོ་ནི། འདི་དང་གཏན་གྱི་སོགས་ཏེ། ཚེ་འདིའི་དལ་འབྱོར་གྱི་ལུས་མཆོག་གང་ལ་རགསརག་ལས་པ་ཕ་མ་དང༌། གཏན་གྱི་ཕན་བདེ་ཀུན་གང་ལ་རག་ལས་པ་བླ་མ་སྟེ། དེ་དག་ལེགས་པར་དགྱེས་པའི་སླད་དུ། རང་གི་འཕྲལ་གྱི་བདེ་བ་ཐམས་ཅད་དོར་ཞིང་བློས་བཏང་ནས་ཚེ་སྟོད་ལ་ཕ་མ་དང། ཚེ་སྨད་ལ་བླ་མའི་བཞེད་དོན་ཐམས་ཅད་ནན་གྱིས་སྒྲུབ་པར་མཛད་པ་སྟེ་བྱ་བ་དེ་འབའ་ཞིག་ལ་མི་ཚེ་བསྐྱལ་བས་ན་མཛད་པ་རྒྱུན་མི་འཆད་པའོ། །འདི་ནི་ཁོ་བོའི་ཚེ་འདི་ལ་ལྡན་པའི་ཡོན་ཏན་གྱི་ནང་ནས་མཆོག་དང་གཙོ་བོ་ཡིན་ཏེ། སྤྱིར་རང་དོན་དོར་ནས་གཞན་དོན་སྒྲུབ་པར་མཛད་པ་ནི། ཐེག་པ་ཆེན་པོའི་ལམ་གྱི་མཐར་ཐུག དམན་པས་སྒྲུབ་མི་ནུས་པ་ཡིན་ལ། ཁྱད་པར་ཕ་མ་དང་བླ་མ་ལ་བྱ་བ་བྱེད་པ་ནི། རྒྱལ་བས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ནས། རྣལ་འབྱོར་ཆེན་པོའི་