R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 50
[A:50]འདུག་ཟེར་མཁན་ཐོས་པ་ན། ཉམས་བསྐྱིལ་བས། དེ་རྗེས་ཀྱི་མཆི་མ་ཉུང་དུ་སོང་བ་ན། ཆོས་རྗེ་མཁྱེན་རབ་དབང་ཕྱུག་པའི་གསུང་གིས། ཁྱེད་དད་པ་དང་ངེས་འབྱུང་ཆུང་དུ་སོང་འདུག་པ་ཅི་ཡིན་ནམ་གསུང་བ་བྱུང་སྟེ། དེ་ལྟ་བུའི་ངེས་འབྱུང་དང༌༑ དེས་བསྐྱེད་པའི་ཚུལ་ཁྲིམས་སྔར་བཤད་པ་བཞིན་དང་བཙུན་པ་བྱས་ནས་ལོ་གསུམ་ལྷག་པར་རྔས་མི་འཇུག་པར་གདན་རྐྱང་པའི་སྟེང་དུ་ཙོག་བུ་མཚན་ཉིད་ཚང་བ་བྱས་པ་ཁམས་ལ་ཤིན་ཏུ་གཟན་པར་བྱུང་ནས་མཉེ་འབོལ་རེ་བཅུགགཉིད་ལ་ཟླ་གྲིབ་འདོམ་གང་གི་ཚད་ཡུན་རིང་པོ་བྱས། ཉུང་ཇ་འཐུང་སར་ཡང་དཔེ་ཆ་བལྟ་བ་དང༌། བསྐྱང་རན་བྱས་པས། གྲལ་པ་འདི་རྣམས་ཀྱིས། ཅི་ལབ་བསམ་པ་མ་གཏོགས། གཏམ་གླེང་བྱས་པ་མི་ཚོར་བ་སོགས་དང༌། བར་སྐབས་སུ༑ དུས་འཁོར་རྒྱས་པ་སོགས་ཀྱི་བསྒོམ་བཟླས་འཆགས་མེད། མཚམས་གཅིག་ནས་དཔལ་ལྡན་རྒྱུ་སྐར། མཁའ་འགྲོ་རྒྱ་མཚོ། ཆོས་དབྱིངས་གསུང་དབང་སོགས་ཀྱི་དཀྱིལ་འཁོར་ཆེན་པོ་མང་པོའི་བསྒོམ་བཟླས་འཆགས་མེད། ཕྱིས་རིགས་ཚོགས་བཞི་འཇུག བྱམས་ཆོས་ལྔ། སྤྱོད་འཇུགརིན་ཆེན་ཕྲེང་བ་སོགས་གཞུང་མང་པོ། དང་པོ་སློབ་གཉེར་གྱི་དུས། ཁ་ཏོན་བྱས་པ་རྣམས། གསོས་ནས་ཁ་ཏོན་ལོ་སྐོར་དུ་བྱས་པ་ལྟ་བུའི་བརྩོན་འགྲུས། ཚ་གྲང་སོགས་ཀྱི་སྡུག་བསྔལ་ཅུང་ཟད་བྱུང་པ་ན། རང་ཉམས་ལ་དཔག་སྟེ། ཚ་གྲང་གི་དམྱལ་བ་སོགས་ལ་དམིགས་ཏེ། མཆི་མ་འབྱིན་པ་སོགས་ཀྱི་སྙིང་རྗེ། སྣང་བ་ཐམས་ཅད་རྫུན་པ་བསླུ་བའི་ཆོས་ཅན་དྲི་ཟའི་གྲོང་ཁྱེར་ལྟ་བུ་ལ་འཁྲུལ་ངོར་བྱ་བྱེད་འཐད་པར་མཐོང་བའི་ཇི་ལྟ་བ་དང༌། སྔར་བརྗོད་པའི་ཇི་སྙེད་པ་མང་དུ་ཤེས་པའི་ཤེས་རབ་སོགས་ནི་ཡོད་ལ། ལོག་རྟོག་ཅན་དང་ཆོས་ཉམས་ཆུང་བས་བལྟས་པའི་ཚེ།