R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 51
[A:51]དུག་གསུམ་གྱི་སྤྱོད་པར་མངོན་པ་མང་དུ་འབྱུང་ཡང༌། ཆོས་དང་བསྟུན་པའི་ཚེ། རྒྱུའི་ཀུན་སློང་འདུལ་བའི་དུས་དྲན་དང༌། མདོའི་སྙིང་རྗེ་དང༌། རྒྱུད་སྡེའི་ལྷའི་རྣལ་འབྱོར་གྱིས་གང་ཟིན་དང༌། མ་ཟིན་ན་དེ་མ་ཐག་ཏུ་བཤགས་བསྡམས་སོགས་ལེགས་པར་བྱས་སོ། ། གསུམ་པ་ཡན་ལག་བདུན་པའི་ལྷག་མ་བྱ་བ། ཉམས་ལེན་མཐའ་དག་སྨོན་ལམ་དུ་གདབ་པའོ། ། དང་པོ་ནི། མཆོད་པ་ཀུན་འབུལ་གྱི་སོགས་སོ། ། གཉིས་པ་ལ། རིག་གནས་སྤྱིའི་དང༌། ནང་རིག་དགོས་ཀྱིའོ། ། དང་པོ་ནི། དོན་གཉེར་སོགས་སོ། ། གཉིས་པ་ལ། མདོ་ཕྱོགས་སྡེ་སྣོད་གསུམ་གྱི་དང༌། སྔགས་ཕྱོགས་རྒྱུད་སྡེ་བཞིའོ། ། དང་པོ་ནི། ལུས་ངག་སོགས་སོ། །གཉིས་པ་ལ། རྒྱུད་སྡེ་འོག་མ་གསུམ་གྱི་དང༌། བླ་མེད་རིགས་གསུམ་གྱི་སྨོན་ལམ་སྟེ། ཕྱི་རོལ་སོགས་དང༌། གསང་དབང་སོགས་སོ། །འདི་དག་གི་དོན་རགས་པ་གོ་སླ་ཞིང༌། རྒྱ་ཆེར་བརྗོད་ན་ཡི་གེ་མང་བར་འགྱུར་བས། གཞན་དུ་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། ། རང་གི་རྣམ་ཐར་རང་གིས་བརྗོད་ལ་ཞེ་འཚེར་ཡང༌། །རྒྱལ་བས་གསུངས་ཤིང༌༑ ཁྱུང་པོ་རྣལ་འབྱོར། ཡང་མགོན་པ། འབའ་ར་བ་སོགས་དམ་པ་མང་པོས་མཛད་པ་ལྟར། སློབ་མས་བསྐུལ་ངོར་པྲཛྙ་རཏྣས་སྨྲས་པའོ། །ནོངས་པ་ཀུན་བཤགས་སྐལ་བཟང་འགའ་ལ་ཕན་གྱུར་ན། །དགེ་བ་གང་དེས་ཕ་མ་མཁའ་མཉམ་འགྲོ་བ་ཀུན། །མྱུར་དུ་རྒྱལ་བའི་གོ་འཕངས་འཐོབ་པའི་རྒྱུར་གྱུར་ཞིང༌།།