R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 106
[A:106]༄༅། །མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར་བཞུགས་སོ། ། ན་མོ་ལོ་ཀཱི་ཤྭ་རཱ་ཡ། དཔལ་ལྡན་བླ་མ་དམ་པ་འབྲོམ་སྟོན་སེང་གེའི་མཚན་ཅན་གྱི་རྟོགས་པ་བརྗོད་པ་དད་པའི་ཉི་མ་ཞེས་བྱ་བ། བླ་མ་དམ་པ་རྣམས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་བསྐྱང་དུ་གསོལ། དགེ་ལེགས་རི་མཐོར་ཡོན་ཏན་དཀྱིལ་འཁོར་མཐའ་དག་རྫོགས༑ ༑བཟོད་པར་དཀའ་བའི་གཟི་འོད་དཔལ་གྱིས་ལྷམ་མེམེར་བར།། འགྲོ་བ་འདི་ལ་ཕན་བདེའི་སྣང་ཆེན་འགྱེད་མཁས་པ། །རྒྱལ་བའི་འབྱུང་གནས་ནམ་མཁའི་ནོར་བུས་བདག་སྐྱོངས་ཤིག །བཀོན་ཁྱོད་ཡོན་ཏན་སྦེད་པར་ལྷུར་ལེན་པས། །ཡོངས་སུ་རྫོགས་པར་སུས་ཀྱང་མི་རྟོགས་ཤིང༌། །ཅུང་ཟད་རྟོགས་པའང་བརྗོད་ལ་མི་དགྱེས་མོད། །རང་ཉིད་དད་པའི་ཆུ་འཛིན་ཆེར་རྒྱས་པ།། འདུན་པའི་ཆུ་ཁུར་ལྕི་བས་ངལ་གྱུར་ཏེ། །རྣམ་སྤྱོད་ཀློག་འཕྲེང་མཛེས་མ་སྔོན་འགྲོ་བའི། །བསྟོད་ཚིག་འབྲུག་སྒྲ་ཅི་ཡང་སྒྲོག་བྱེད་ཀྱིས། །སྐལ་བཟང་ཆར་འདོད་དེ་དག་སྤྲོ་བར་མཛོད། ། དེ་ཡང་བདག་ཉིད་ཆེན་པོ་འདི་ནི། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་འཕྲུལ་དུ་རྒྱུ་མཚན་དུ་མའི་སྒོ་ནས་ངེས་པས་ན། དེས་