R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 143
[A:143]དུང་འདི་ལྟ་བུ་དགོས། མི་ཤེས་འདུག་པས་ང་རྒྱལ་བྱེད་རིན་མ་ཆོག་གོ་ཞེས་གསུངས་ཤིང༌། ལྟ་བ་རྣམས་པར་དག་པ་ལ་གཙོ་བོར་མཛད་པའི་ཤེས་རབ་སྟེ། ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ནས་བསྡུ་དངོས་བཞིས་བསྟན་པ་དང་སེམས་ཅན་གྱི་དོན་མི་དལ་བར་མཛད་པ་ནི་ཀུན་གྱིས་མངོན་སུམ་དུ་གྲུབ་པ་ཡིན་པས་སྒྲོ་འདོགས་དང་བཀུར་འདེབས་ཅི་ཞིག་འཚལ། དེ་ལྟར་བསྟོད་པའི་དགེ་བ་བསྔོ་ཞིང་གསོལ་བ་གདབ་པ་ནི། བདག་ནི་གུས་པས་ཁྱོད་ལ་གསོལ་འདེབས་ཀྱིས།། དེང་ནས་བྱང་ཆུབ་སྙིང་པོར་བདུད་ཀྱི་སྡེ། །ཇི་སྲིད་མ་བཅོམ་དེ་སྲིད་མགོན་ཁྱོད་ཀྱི༑ ༑བརྩེ་བའི་ཐུགས་ཀྱིས་རྟག་པ་བསྐྱང་དུ་གསོལ། །བཤེས་གཉེན་ཚུལ་བཞིན་རྟེན་པ་ཐར་ལམ་གྱི། །རྩ་བར་རྟོགས་པའིངེས་པ་རྙེད་གྱུར་ནས། །ཚེ་རབས་ཀུན་དུ་བཤེས་གཉེན་གུས་རྟེན་པའི། །ལམ་ལ་བསྟེན་པས་ཁྱོད་མཉེས་བགྱིད་པར་ཤོག །འདི་ཡང༌། བླ་མ་ཉིད་ཀྱི་རྣམ་ཐར་ཐམས་ཅད་གཙོ་བོའི་རྗེས་སུ་འཇུག་པར་སྨོན་པའི་སྨོན་ལམ་ཏེ། དེས་མཚོན་པའི་རྣམ་ཐར་ཐམས་ཅད་རྒྱུད་ལ་སྐྱེ་བར་གྱུར་ཅིག །གཞན་ཡང༌། འདིར་འབད་དགེ་བ་ཟླ་བ་ལྟར་དཀར་དེས། ཚེ་རབས་ཀུན་དུ་བླ་མ་མཆོག་དེ་ཡི། །སྐུ་ཡི་སྣང་བ་རྟག་ཏུ་མཐོང་བ་དང༌།། གསུང་གི་སྣང་བས་བླང་དོར་སྟོན་གྱུར་ཅིག །དེ་ལས་མགོན་དེའི་བཞེད་པ་ཇི་བཞིན་དུ། །སྒོ་གསུམ་བསྟན་དང་བླ་མ་དཀོན་མཆོག་གི །ཕྱོགས་སུ་བཏང་ནས་མཁའ་ཁྱབ་སེམས་ཅན་འདི། །ཕན་བདེའི་དཔལ་ལ་མྱུར་དུ་འགོད་ནུས་ཤོག ། ཅེས་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ༑ འབྲོམ་སྟོན་སེང་གེ་རྒྱ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་ཉི་མ་ཞེས་བྱ་བ་འདི། དགེ་སློང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱ་མཚན་དཔལ་བཟང་