R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 108
[A:108] དང་པོ་ནི། རྒྱལ་བའི་འབྱུང་གནས་སྟོན་པ་རིན་པོ་ཆེས། ཐུབ་བསྟན་ཚངས་སྤྱོད་མཆོག་ལ་རག་ལས་པར། གཟིགས་ནས་ངུར་སྨྲིག་འཛིན་པའི་གཙུག་རྒྱན་དུ། སླར་ཡང་སྐྱེ་བ་བཞེས་པ་དེ་ལ་འདུད། ཞེས་པ་སྟེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་བྱ་བ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་མྱ་ངན་ཆུང་བར། བྱང་ཕྱོགས་སུ་གྲོང་ཁྱེར་རྡོ་ཅན་བྱ་བར། ཁྱིམ་བདག་རལ་པ་འཛིན་ཞེས་བྱ་བས། ངའི་བསྟན་པ་རྒྱས་པར་བྱེད་དོ་ཞེས། མངའ་བདག་ཁྲི་རལ་དུ་ལུང་བསྟན་པའི་འཇུག་ཏུ། ཡང་ཕྱོགས་དེར། དགེ་བསྙེན་ཆོས་འཕེལ་ཞེས་བྱ་བས་ཀྱང༌། ངའི་བསྟན་པ་ལ་བྱ་བ་ཁྱད་པར་ཅན་བྱེད་དོ་ཞེས་ལུང་བསྟན་ཅིང༌༑ རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་ཡང་དང་ཡང་དུ་གསུངས་པ༑ དབུ་རུ་བྱང་སྟོད་ཀྱི་སར་འབྲོམ་གྱི་གདུང་ལས་འཁྲུངས་ཤིང༌། སེ་སྟོན་ལ་སོགས་པའི་ཡོངས་འཛིན་དུ་མ་མཉེས་པར་བྱས་ནས། མཁས་པའི་གོ་འཕང་བརྙེས་ཟིན་པ་གཅིག་རྒྱ་གར་ཤར་ཕྱོགས་བྷཾ་ག་ཀའི་རྒྱས་རིགས་སུ་འཁྲུངས་པ། གནས་ལྔ་རིག་པའི་པཎྜིཏ་ཆེན་པོ་ཟླ་མེད་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཐུགས་རྒྱུད་ལྷག་པར་བལྟམས་པ། རྗེ་བཙུན་སྤྱན་རས་གཟིགས་དང་རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་ནས་བོད་དུ་བྱོན་པའི་ཇོ་བོ་ཨ་ཏི་ཤ་མངའ་རིས་ནས་བསུབསུས་སྟེ། སྙེ་ཐང་འོར་དུ་མྱ་ངན་ལས་མ་འདས་ཀྱི་བར་དུ་འབྲལ་མེད་དུ་བསྟེན༑ ཆུ་བོ་སུམ་འདྲེས་ཀྱི་གདམ་ངག་ཁྱད་པར་ཅན་ལམ་མཐའ་དག་གི་ལུས་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཐུགས་དམ་སྙིང་པོར་མཛད་དེ། རྒྱལ་བ་དེའི་རྒྱལ་ཚབ་མཛད་ནས་ཆོས་ཀྱི་རྒྱལ་སྲིད་རྫོགས་པར་བཟུང་སྟེ། བྱང་ར་སྒྲེང་གི་གདན་ས་ཆེན་པོ་བཏབ་ནས། ཐེག་ཆེན་བྱང་ཆུབ་ཀྱི་སེམས་རྣམ་པ་