R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 109
[A:109]གཉིས་རྫོགས་པར་ལོངས་སྤྱོད་པའི་བཀའ་གདམས་ཀྱི་བསྟན་པ་ཉི་མ་སྟོང་པས་ཀྱང་གསལ་ཞིང༌། ཆུ་བོ་ག་གའིགངྒཱ་རྒྱུན་ལས་རིང་པར་བཙུགས་ཏེ། རྒྱ་གར་རྒྱ་ནག་གི་བར་ཉམས་ལེན་གྱི་བསྟན་པ་རྒྱས་པར་མཛད་པའི་བདག་རྐྱེན་ཆེན་པོ་དེ་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཆ་ལག་དང་བཅས་པའི་བསྟན་པ་ལ་བྱ་བ་ལྷག་པར་བྱས་མོད་ཀྱི། འོན་ཀྱང༌། དགེ་བསྙེན་གྱི་སྡོམ་པ་རེ་ཙམ་ལ་བསྟེན་ནས་རང་རྒྱུད་འདུལ་བ་འདིས་ཀྱང༌། དེ་བཞིན་གཤེགས་པའི་བསྟན་པའི་ནང་ཚོད་འདུལ་བ་ལ་བལྟ་བར་ཡང་མ་གནང་ན། གསང་པ་ཟབ་མོ་ལ་སྤྱོད་པ་དང་དགེ་འདུན་གྱི་སྡེ་མཚན་ཉིད་ཚང་བ་གོང་ནས་གོང་དུ་རྒྱས་པར་བྱེད་ནུས་པ་ནི་ལྟ་ག་ལ་ཞིག །དེས་ན་ད་ནི། ཚངས་པར་སྤྱོད་པའི་གཙོ་བོ་དགེ་སློང་གི་རྟེན་རྣམ་པར་དག་པ་གཅིག་གཟུངབཟུང་ལ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་དཔལ་དང་ལྡན་པ། དགེ་འདུན་གྱི་སྡེ་མཚན་ཉིད་ཡོངས་སུ་རྫོགས་པར་དག་གི་དངོས་ཀྱི་བདག་རྐྱེན་བྱའོ་སྙམ་དུ་དགོངས་ནས། རྒྱ་གར་མ་ག་དྷ་རྡོ་རྗེའི་གདན་ལས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པའི་ས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐྱེད་ཚལ་ཆེན་པོ་གྲོམ་པ་དཔལ་ལྡན་ས་སྐྱ་པས་ཤར་ཕྱོགས་སུ་དཔག་ཚད་དྲུག་ཙམ་བགྲོད་པའི་ཡུལ་ལྗོངས༑ ཆུ་བོ་ཆེན་པོ་སྤག་ཤུརཔཀྵུ་གྲགས་པ་དལ་གྱིས་འབབ་པའི་འགྲམ༑ རང་བྱོན་འཕགས་པ་འཁྲུངས་ལ། གཙང་གཡས་རུ་བྱང་གི་སྨད་དུ་གཏོགས་པ། ལང་འགྲོ་སྟག་ཚང་ལུང་པ་ཞེས་བྱ་བ། ཆོས་དང་ཟང་ཟིང་གི་དཔལ་འབྱོར་ཕུལ་དུ་བྱུང་བ་དང་ལྡན་པའི་ཡུལ་ལྗོངས་ཀྱི་ཁྱད་པར། ཆོས་རྗེ་ལོ་ཆེན་འཁྲུངས་པའི་ལྗོན་ཞེས་བྱ་བའི་ལུང་ལག་གི་མདའ། སྟག་སྣ་ཞེས་བྱ་བར། རིགས་