R1176: དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ།

  • Pagination (Witness A): 503
[A:503]ཤེས་རབ་རྒྱ་མཚོས་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟློ་འོད་འབུམ་གྱི་སྙེ་མ་བཀོད་པར་བྱ་བ་ནི།
༄༅༅། །ན་མོ་སདྷརྨཱ་ཡ། ། ཆོས་ཀྱི་རྒྱལ་པོ་ཐུབ་པ་བཅོམ་ལྡན་འདས། ། ཆོས་ཀྱི་སྲོལ་འཛིན་རྒྱ་བོད་མཁས་གྲུབ་ཚོགས། ། ཆོས་སྤྱན་མངའ་བ་རྣམས་ལ་གུས་བཏུད་ནས། ། ཆོས་ཀྱི་རྣམ་གྲངས་གསལ་བའི་ཐོ་ཡིག་བཀོད། ། འདིར་རང་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་འགོད་པར་བྱ་སྟེ། རྒྱུ་མཚན་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་དཔེའི་དཀར་ཆག་གསུང་རབ་འབུམ་སྡེའི་སྣང་བརྙན་རྣམ་པར་བཀྲ་བ་དྲ་བྲིལ་ནོར་བུའི་མེ་ལོང་ལས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་དངོས་ནི་སྙིང་རྗེའི་སྙིང་པོ་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན་ཡང་། དེ་ཉིད་ཆོས་སྤྱོད་ཀྱི་བྱ་བ་ལ་རག་ལས།སོ་སྐྱེ་རྣམས་ལུང་ལ་རྟེན་དགོས་པས་མི་བརྗོད་པའི་གཟུངས་མ་ཐོབ་པ་ཚུན་ལུང་གི་ཚིག་ཀྱང་མི་འཆོལ་བ་དང་། དྲན་པ་གསོ་བའི་ཆེད་དུ་བསྟན་བཅོས་ཡི་གེར་བཀོད་པ་མེད་དུ་མི་རུང་བས།སྟོན་པ་ཞལ་བཞུགས་པའི་དུས་ནས་སྲོལ་དར་བ་ལྟར་བསྟན་པའི་རྨང་གཞིར་གལ་ཆེ། དེ་ཡང་ཟང་ཟིང་གི་མཆོད་པ་ཡང་བསྙེན་བཀུར་བ་ཡིན་མོད། བསྙེན་བཀུར་གྱི་གཙོ་བོ་ཀློག་པ་ཐོས་བསམ་དང་། ཐོས་དོན་སྒྲུབ་པས་ཉམས་སུ་ལོན་པ་ཉིད་ཡིན་ལ། དེ་ཡང་རྩ་བའི་སེམས་ཀྱིས་མིང་གི་སྒོ་ནས་འཛིན་པ་སྔོན་དུ་འགྲོ་དགོས་པས་མཚན་བྱང་གལ་ཆེ། གསུངས་པས་རང་ཉིད་ཚེ་རབས་ཀུན་ཏུ་གསུང་རབ་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གྱིས་སྤྱོད་པའི་སྨོན་ལམ་གྱི་རྟེན་དང་། དོན་དུ་གཉེར་བ་རྣམས་ལ་དཔེ་རྒྱུན་བཙལ་བར་བསྐུལ་བའི་ཕྱིར་དཀོད་པ་ལས།
ཐོག་མར་རྣམ་ཐར་ཆོས་འབྱུང་དེབ་ཐེར་སོགས་ཀྱི་སྐོར་ལ།
༡༠༨༡༠ རྟོགས་བརྗོད་དཔག་བསམ་ཁྲི་ཤིང་ལ་དཔང་ལོའི་མཆན།
༡༠༨༡༡ སོ་སྟོན་འཇིགས་མེད་གྲགས་པའི་ནག་མཆན།
༡༠༨༡༢ ལྷ་འཇིག་རྟེན་དབང་ཕྱུག་གི་དམར་མཆན།