R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 246b
[A:246b]ཞུ་བའི་ལས་བྱེད་ཅིང་༎ དལ་འབྱོར་ཆེད་དུ་མི་གཉེར་སྐྱེ་བོ་གང་༎ དེ་དག་མི་འགྲོགས་དེ་ཡིས་མི་འཐོང་དང་༎ རང་སྡུག་བླ་མ་རྡོ་རྗེ་མཆོད་པར་ཤོག། རྩོད་ལྡན་དུས་སུ་གསང་ཆེན་སྟོན་བྱེད་དང་༎ མུ་སྟེགས་སྐྱེ་བོ་ངན་པའི་ལྟ་
འཇོམས་ཤིང་༎ གང་དེའི་ལྟ་བ་དབྱིངས་ནས་འདོན་བྱེད་པའི༎ དེ་དག་འདུལ་བའི་དེད་དཔོན་དེ་བྱེད་ཤོག། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་༎ མི་ཡི་
འཇིག་རྟེན་དག་ནས་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང་༎ ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་དུ་ནི་འཆིང་བྱེད་པ༎ དེ་རྣམས་ཐམས་ཅད་ཉིན་ཞག་
སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག། ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་དཏ། དེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝ་ཝཱ་དཱི་མ་ཧཱ་ཤྲཱ་མ་ཎཿ གཅིག་ཞུས་དག ཡང་གཅིག་ཞུས་དག གསལ་བཤད། བོད་རྒྱལ་ལོ། ༢༡༤༠ ཟླ་ ༨ ཚེས་ ༡༥ ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༩ ཉིན། ༧སྐུའི་གསུང་སྒྱུར་གླང་རི་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་བླ་ན་མེད་པའི་གཟིགས་སྐྱོང་འོག འཆི་མེད་ཚེ་རིང་ལགས་ཀྱིས་རྩིས་འཁོར་དུ་བཅུག་ཅིང་། བེ་རི་རིག་པའི་རྡོ་རྗེས་དཀར་ཆག་ཞིབ་རྒྱས་སུ་བཀོད་ཅིང་འཕྲུལ་དེབ་ཏུ་ཕབ་སྟེ། རྒྱ་ཆེའི་ཀློག་མཁན་རྣམས་པར་ལེགས་སྐྱེས་སུ་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག དཔར་བྱང་སྨོན་ཚིག རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ།། གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང༌།། ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི།། དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི།། དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས།། ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ།། གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ།། ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག། ཅེས་འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན་རྣམ་འདྲེན་ཤཱཀྱ་སེང་གེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་རྣམས་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལ་འང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།།