R1180: སེམས་འགྲེལ་བསྐོར་གསུམ་གྱི་བླ་མའི་རྒྱུད་རིམ་གསལ་བ།

  • Pagination (Witness A): [-]
དེ་ཉིད་ལས་དེ་ཉིད་ཀྱི་གཅུང་པོ་ཤོང་སྟོན་ལོ་ཙཱ་བ་བློ་གྲོས་བརྟན་པ་ཞེས་གྲགས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་ཊཾ་ཀ་དཱ་ཤ་དང་། སྡོམ་འབྱུང་གི་འགྲེལ་པ་པདྨོ་ཅན་དང་། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཞིང་། ཞུ་ཆེན་ཡང་དུ་མ་མཛད་ལ། འཕགས་པ་རིན་པོ་ཆེའི་སློབ་མའི་ཐུ་མོར་གྱུར་ཅིང་། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བ་གཅེན་པོའི་ཡོན་ཏན་ལ་སྒྲུན་དུ་རུང་བ་ཡོད་པ་དེ་ཉིད་ཀྱིས་ཞུས་ལ། དེ་དག་གཉིས་ཀ་ལ། མང་གར་ཁྲ་ཚང་དུ་སྐུ་འཁྲུངས་ཤིང་། འགྲོ་བའི་མགོན་པོ་འཕགས་པ་ལ་རབ་བྱུང་ཞུས་ལ། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ཅེས། རང་ཉིད་ཀྱིས་འདོགས་པར་ཞུས་ཤིང་བཏགས་ལ། ཕྱིས་ལོ་ཙཱ་བ་མཆོག་ལྡན་ཞེས་གྲགས་པ། གཤིན་རྗེ་གཤེད་དམར་པོའི་རྒྱུད་དང་། རལ་གཅིག་མ་དམར་མོའི་སྒྲུབ་ཐབས་ལ་གཞི་འགྱུར་མཛད་ཅིང་། བོད་ཀྱི་ཡུལ་དུ་འགྱུར་བའི་བཀའ་དང་བསྟན་བཅོས་དང་། དབང་དང་གདམས་ངག་ཕལ་མོ་ཆེའི་ལུང་དང་བཀའ་མངའ་བ། དགེ་བའི་བཤེས་གཉེན་མང་པོའི་བླ་མར་གྱུར་པ་དེ་ཉིད་ཀྱིས་གསན་པ་ཡིན་ནོ།། དེ་ཉིད་ལ་སྐྱི་སྟོན་འཇམ་པའི་དབྱངས་ཀྱིས་གསན་ལ། དེ་ཉིད་ལ་ཆོས་ཀྱི་རྗེ་ཆེན་པོ་ཉིད་ཀྱིས་གསན་པ་ཡིན་ནོ།། ཡང་དཔལ་ལྡན་བླ་མ་དམ་པ་སྡེེ་སྣོད་དང་རྒྱུད་སྡེ་མང་པོ་ལ་དབང་འབྱོར་ཞིང་། ཚད་མ་སྡེ་བདུན་ལ་ཤིན་ཏུ་མཁས་པར་གྲགས་པ། དཔལ་ལྡན་སེངྒེས་ཀྱང་། ལོ་ཙཱ་བ་མཆོག་ལྡན་ཉིད་ལ་གསན་ལ། བླ་མ་ཤེས་རབ་སེངྒེ་པ་ལས། རྭ་འགྱུར་ཡང་གསན་མོད་ཀྱི། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ཞུས་པའི་ཚེ། རྭ་འགྱུར་ལས་མཆོག་ཏུ་དགོངས་ཏེ། ཤོང་འགྱུར་གྱི་སྟེང་ནས་གསུངས་ཤིང་། དེའི་དུས་སུ་ཁོ་བོས་ཀྱང་བཤད་པ་ཆ་ལག་དང་བཅས་པ་དང་དབང་ཡོངས་སུ་རྫོགས་པར་ཐོབ་པོ།། ཡང་མཁས་པའི་དབང་པོ་ལོ་ཙཱ་བ་ཆེན་པོ། དཔང་དཔལ་ལྡན་བློ་གྲོས་བརྟན་པ་ལས་ཀྱང་ཐོས་ཏེ། དེ་ཡང་སྤྱད་ལུངས་ཀྱི་འུམ་བུ་གྱམ་ཞེས་བྱ་བར་སྐུ་འཁྲུངས་ནས། མཁན་ཆེན་གསེར་ཁང་པ་ཆེན་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་། འདུལ་བ་མདོ་རྩ་གསན་ནས་དགུང་ལོ་བཅུ་གཅིག་པ་ལ་རྫོགས་པར་ཐུགས་ལ་གསུངས་ཤིང་། བྱང་བར་མཛད་དེ་ཚ་སྣར་མཁན་ཆེན་སྟག་སྡེ་པ་སེངྒེ་རྒྱལ་མཚན་དང་། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་སྟག་སྡེ་རི་ཕུག་གི་མཁན་པོ་མཛད་པའི། མཁན་ཆེན་ཤེས་རབ་དཔལ་བའི་དྲུང་དུ་བྱོན་ནས། ཕར་ཚད་མངོན་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཆོས་རྣམས་ལ་ཤིན་ཏུ་མཁས་པར་མཛད་ཅིང་། གྲྭ་སྐོར་ཡང་མཛད་ནས། ལོ་ཙཱ་བ་མཆོག་ལྡན་གྱི་དྲུང་དུ་བྱོན་ཏེ་དཔལ་དུས་ཀྱི་འཁོར་ལོ་ཤོང་འགྱུར་དང་། གཞན་ཡང་བཀའ་བསྟན་བཅོས་མང་པོའི་བཀའ་ལུང་རྣམས་ཞུས་ལ། སྙན་ངག་མེ་ལོང་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ་དང་། སྒྲ་ཀ་ལཱ་པའི་མིང་ལེ་དང་པོ་ཡར་བཅད་གསན་ཅིང་བྱང་བར་མཛད་དོ།། བླ་མ་རོང་པ་ཤེས་རབ་སེངྒ་པ་ལའང་གཤིན་རྗེ་གཤེད་སྐོར་གསུམ་གྱི་དབང་དང་། དེ་རྣམས་ཀྱི་ཆོས་སྐོར། དཔལ་དུས་ཀྱི་འཁོར་ལོ་རྭ་འགྱུར་རྣམས་གསན་པ་ཡིན་ནོ།། དེ་ནས་བལ་ཡུལ་དུ་ལན་གསུམ་བྱོན་ཏེ། མ་དྷུ་པཎྜི་ཏ་དང་། རཱ་མ་པཎྜི་ཏ་དང་། རྒྱ་གར་ཤར་ཕྱོགས་ཀྱི་ཙུ་ཌ་པཎྜི་ཏ་རྣམས་ལ་རིག་པའི་གནས་མང་དུ་བསླབས་ཤིང་། ཁྱད་པར་གྱིས་སྒྲ་རིག་པ་ལ་ཤིན་ཏུ་བྱང་བར་མཛད་ནས་སྒྲ་མདོ་ཀ་ལཱ་པ་དང་། དེའི་འགྲེལ་པ་བགྲོད་དཀའ་སེངྒེས་མཛད་པ་དང་། སློབ་མ་ལ་ཕན་པ་དང་། ཡི་གེའི་མདོ་དང་། ཚད་མ་རྒྱལ་དབང་བློ་དང་། རྟོག་གེའི་སྐད་དང་། འབྲེལ་པ་མདོར་བསྟན་དང་། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀཏྟ་མཱ་ལའི་མཇུག་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་མཇུག་དང་། མདོར་བསྡུས་དང་པོའི་འགྲེལ་བཤད་མི་གཡོ་སྙིང་པོས་མཛད་པ་དང་། སྦྱོར་བ་བརྒྱ་པ་ལ་སོགས་པ་གཞི་འགྱུར་དུ་མའང་མཛད་ཅིང་། བཀའ་དང་བསྟན་བཅོས་དུ་མ་ལ་ཞུ་ཆེན་མཛད་ལ། མཆན་དང་འགྲེལ་པ་མང་པོ་ཡང་མཛད་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་ཡིན་ནོ།། དེ་ཉིད་ལ་སྒྲ་དང་། སྙན་ངག་དང་། སྡེབ་སྦྱོར་དང་། མངོན་བརྗོད་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་མང་དུ་མཉན་ཅིང་། བཀའ་དང་བསྟན་བཅོས་མང་པོའང་ཐོས་ལ།