R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 235
[A:235] ལྡན་ས་སྐྱ་པ་ཞེས་དཔྱོད་ལྡན་ལ། །གྲགས་པ་དོན་ལྡན་བསྟན་པ་རྒྱས་གྱུར་ཅིག་།ཁྱད་པར་གསང་ཆེན་ལམ་གྱི་ཁ་འབབས་བཞི། །འཕགས་བོད་པཎ་གྲུབ་དྲིན་ལས་འདིར་ཐོབ་གང་། །རྒྱུན་མི་འཆད་ཕྱིར་ལྷག་བསམ་ཁུར་བླངས་པའི། །ངལ་བ་འབྲས་བཅས་བསྟན་ལ་སྨན་གྱུར་ཅིག་།ལྟ་སྤྱོད་ཆོ་ག་རྣམ་པར་དག་ལམ་ནས། །སྐལ་བཟང་སུ་དག་རྣམ་གྲོལ་ལ་འཁྲིད་ཅིང་། །མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་ངེས་སྐྱོང་བ། །རྣམ་འདྲེན་མཆོག་རྣམས་ཞབས་པད་བརྟན་གྱུར་ཅིག་ཡོངས་རྫོགས་བསྟན་དང་ཁྱད་པར་རྡོ་རྗེའི་ཐེག་།གདུལ་བྱ་སྤྱི་དང་སྙིགས་མའི་སྐྱེ་རྒུ་ལ། །ཕན་མཛད་ཕྲིན་ལས་ཉི་ཟླའི་སྣང་བ་ཅན། །སྔོན་བྱོན་སྐྱེས་ཆེན་དགོངས་པ་རྫོགས་གྱུར་ཅིག་།གསང་བ་མཆོག་འདིའི་བཀའ་ཡི་བསྡུ་བའི་སྲོལ། །ཐོག་མར་བཏོད་པ་མཁན་ཆེན་ཐམས་ཅད་མཁྱེན། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི། །ཐུགས་བསྐྱེད་བཞེད་དོན་ཇི་བཞིན་སྐོང་གྱུར་ཅིག་།མཁྱེན་བརྩེའི་དཀྱིལ་འཁོར་ཀུན་ལ་སྙོམས་པའི་ཀློང་། །ཟབ་རྒྱས་གདམས་པ་གཏན་པ་མེད་འཇོ་བས། །རིང་ནས་རེ་བ་ཡིད་བཞིན་རྫོགས་མཛད་པ། །འཇམ་དབྱངས་བླ་མ་དགྱེས་པའི་དཔྱིད་གྱུར་ཅིག་།རྡོ་རྗེའི་ལུས་མཆོག་བསྐྱེད་དང་གཡོ་བའི་བློ། །དགེ་ལ་རྣལ་དུ་འགོད་པའི་བཤེས་གཉེན་སོགས། །གནས་སྐབས་མཐར་ཐུག་ཕན་པའི་གྲོགས་བགྱིད་པའི། །འབྲེལ་ཐོགས་སྐུ་བཞིའི་ས་ལ་འགོད་གྱུར་ཅིག་།ཡངས་པའི་ལྗོངས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི། །དགའ་སྟོན་དཔལ་ལ་རྟག་ཏུ་རོལ་བཞིན་པར། །དམ་པའི་ལམ་དུ་ཞུགས་ལས་རྩོད་པ་དང་། །འཚེ་བ་ཀུན་བྲལ་ཆོས་བཞིན་སྤྱོད་གྱུར་ཅིག་།བདག་ཀྱང་བསྟན་ལ་གུས་པའི་བསམ་སྦྱོར་རིགས། །གྲུབ་པ་དེ་སྲིད་འཚོ་བ་བཟང་པོས་འབྱོར། །