R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།དེའི་སྲས་གནམ་རི་ལོང་བཙན་ཡིན། །དེའི་སྲས་སྲོང་བཙན་སྒམ་པོ་ཡིན། །དེའི་སྲས་གུང་སྲོང་གུང་བཙན་ཡིན། །དེའི་སྲས་མང་སྲོང་མང་བཙན་ཡིན། །དེའི་སྲས་འདུས་སོང་མང་པོ་རྗེ། །དེའི་སྲས་ཁྲི་ལྡ་བཙན་ལ། །ཁྲི་སྲོང་ལྡེ་བཙན་འཁྲུངས་པ་ཡིན། །དའེི་སྲས་ཆེ་དག་མུ་ནེ་བཙན་པོ་ཡིན། །ཡུམ་གྱིས་གསོལ་དྲངས་གྲོངས་པ་ཡིན། །འབྲིང་པོ་མུ་རེ་བཙན་པོ་ཡིན། །སྣ་ནམ་བསད་པས་མཐའ་རུ་སྤྱུགས། །ཆུང་དག་སད་ནེ་བཙན་པོ་ཡིན། །དགུ་རྩེག་ཅན་ནས་སྲས་བཞིར་འདོད། །སད་ནེ་བཙན་པོའི་སྲས་གསུམ་ལ། །ཆེ་དག་རལ་པ་ཅན་གྱི་གདུང་ནས་ཆད། །ཆུང་དག་གཙང་མ་མོན་དུ་སྤྱུགས། །འབྲིང་པོ་གླང་དར་སྲས་གཉིས་ལ། །ཡུམ་བརྟན་འོད་སྲུངས་སྨོས་པ་གཉིས། །ཡུམ་བརྟན་རྒྱུད་པ་དབུ་རུར་ཆད། །འོད་སྲུངས་ལ་ནི་དཔལ་མགོན་བཙན། །དེ་ལ་སྲས་གཉིས་འཁྲུངས་པ་ལ། །ཆེ་ཤོས་སྐྱིད་ལྡེ་ཉི་མ་མགོན། །སྤུ་རང་སྟོད་དུ་གཤེགས་པ་ཡིན། །མངའ་བདག་རྩེ་ལྡེ་ལ་སོགས་ཡིན། །ཆུང་དག་བཀྲ་ཤིས་བརྩེགས་པ་དཔལ། །དེའི་སྲས་བཀྲ་ཤིས་བརྩེགས་པ་མགོན། །དེའི་སྲས་ཁོ་རེ། དེའི་སྲས་སྲོང་ངེས་རིམ་པར་རོ། །བྱུང་ཚུལ་མཁའ་ལྟར་རྒྱ་ཆེ་བསམ་ཡས་པ། །བདག་བློའི་སྦྲང་བུས་མཐའ་རྟོགས་མི་ནུས་ཀྱང༌། །མཁས་པའི་གསུང་གི་འདབ་གཤོག་ལ་བརྟེན་ནས། །ཡིན་ལུགས་བྱུང་ཚུལ་ནམ་མཁའི་ཕྱོགས་དེ་མཐོང༌། །མཁའ་ལ་རླུང་ལྟར་འཛིན་ཆགས་ཀུན་ལས་གྲོལ། །ཟླ་བ་ཉ་ལྟར་ཡོན་ཏན་གསལ་ལ་རྫོགས། །ས་ཆེན་ཇི་བཞིན་ཡོན་ཏན་མལུས་གཞི། །སྔ་རབས་འདས་པའི་རྣམ་ཐར་འདི་ལ་དད། །ནོར་བུ་རིན་ཆེན་རིན་ཐང་མེད་པ་ཡང༌། །བླུན་པོ་རྣམས་ལ་རྡོ་དང་མཚུངས་ཞེས་གྲགས། །སྐལ་མེད་ངན་པའི་སྤྱོད་ལ་གོམས་རྣམས་ཀྱིས། །བྱུང་ཚུལ་འདི་ལ་ཅིར་ཡང་མཐོང་མི་འགྱུར། །ས་ལ་གསེར་དང་ཤིང་ལ་ཙན་དན་དང༌། །རྟ་ལ་ཅང་ཤེས་མི་ལ་འཁོར་ལོས་བསྒྱུར། །མཆོག་ཏུ་གྱུར་ཅིང་དཀོན་པ་ཇི་ལྟ་བར།།ལོ་རྒྱུས་འདི་མཆོག་འདི་ལ་མོས་པ་དཀོན། །ཡོན་ཏན་རྒྱ་མཚོ་ཐུབ་བསྟན་རིན་ཆེན་མཛོད། །ཐུགས་རྗེ་ཉི་མ་འགྲོ་བ་ཀུན་ལ་སྙོམ། །ལོ་རྒྱུས་རིན་ཆེན་མཁས་པ་ཀུན་གྱི་རྒྱན། །བརྒྱུད་ལྡན་སྐྱེས་མཆོག་དམ་པ་རྣམས་ལ་ཡང༌། །དད་གུས་སེམས་ཀྱིས་ཞབས་ལ་སྤྱི་བོས་འདུད། །མ་དག་སྐྱེ་བོ་ཀུན་སྤྱོད་འདམ་ལས་བརྒལ། །སངས་རྒྱས་དགྱེས་པའི་ལྷ་སྤྱོད་དཔལ་གྱིས་མཛེས། །རིགས་ལྡན་བུང་བའི་ཚོགས་རྣམས་ཚིམས་མཛད་པ། །བྱང་ཆུབ་འདི་ནི་གསལ་བའི་མེ་ཏོག་ཡིན། །ཡོན་ཏན་རྒྱ་མཚོའི་ལོ་རྒྱུས་མེ་ཏོག་པད་མོས་བླངས། །ཤེས་རབ་ལག་པས་དྲན་པའི་སྐུད་པ་ལ། །ཚིག་སྡེབ་རིན་ཆེན་མེ་ཏོག་འཕྲེང་བ་འདི། །རང་སེམས་དད་པའི་མགོ་ལ་ཏོད་དུ་བཅིངས། །འདི་བཀོད་དགེ་བ་དྲི་མེད་ཀུན་ཏུ་དག །རྣམ་ཐར་རིན་ཆེན་འཕྲེང་བ་དེ་བཞིན་དུ། །རྒྱལ་སྲས་འདུས་པའི་ཆོས་ཀྱི་དགའ་སྟོན་ལ། །རྣམ་མཁྱེན་རྒྱལ་བའི་དྲུང་དུ་འཚོག་པར་ཤོག ། དང་པོ་བཀའ་བསྡུ་བ་གསུམ་གྱི་ཡོན་བདག་ཆེན་པོ་གསུམ་གྱིས་མཛད་པ་ནས། གཞན་ཡང༌། རྒྱ་གར་དང༌། ཁ་ཕྱེ་དང༌། ཨོ་རྒྱན་དང༌། ལི་ཡུལ་དང༌། ཁུ་སེན་དང༌། བལ་ཡུལ་དང༌། རྒྱ་ནག་དང༌། འཇང་ཡུལ་དང༌། མི་ཉག་ཡུལ་ལ་སོགས་པ་རྣམས་སུའང༌། ཆོས་དང་ལྡན་པའི་རྒྱལ་པོ། རྒྱལ་པོ་མ་སྐྱེས་དགྲ་དང༌། ཆོས་རྒྱལ་མྱ་ངན་མེད་པ་དང༌། ཆོས་རྒྱལ་གཟུགས་ཅན་སྙིང་པོ་དང༌། ཆོས་རྒྱལ་ཀ་ནི་ཀ་ལ་སོགས་པ་མང་པོས། རང་རང་གི་ཡུལ་དུ་དམ་པའི་ཆོས་དར་ཞིང་རྒྱས་པར་བྱས་སོ། །དེ་བཞིན་གཤེགས་པས་ངེས་པར་ལུང་བསྟན་པ། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་རུ། །འདུལ་དཀའི་སྐྱེ་བོ་དཔག་མེད་སྲིད་ལས་སྒྲོལ། །རིགས་གསུམ་མགོན་དང་བྱམས་མགོན་འཕགས་ལ་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཐུགས་རྗེའི་རྣམ་འཕྲུལ་བོད་ཀྱི་རྒྱལ་པོ་ནི། །མེས་དབོན་རྣམ་བཞི་ལ་སོགས་རིམ་པས་བྱོན། །འདས་དང་མ་འོངས་ཀུན་ཏུ་ཁྱབ་པ་ཡིས། སངས་རྒྱས་ཀུན་གྱི་རྣམ་ཐར་བསམ་མི་ཁྱབ། །བྱང་ཆུབ་སེམས་དཔའི་རྣམ་ཐར་བསམས་པ། །ཉན་ཐོས་རང་རྒྱལ་རྣམས་ཀྱི་རྣམ་ཐར་བསམ་ཡས་སོ། །དགྲ་བཅོམ་རྒྱུན་དུ་ཞུགས་ཀྱི་རྫུ་འཕྲུལ་དཔག་ཡས་སོ། །རིག་པ་འཛིན་པ་རྣམས་ཀྱི་མཐུ་སྟོབས་དཔག་ཏུ་མེད། །གང་ཟག་ཁྱད་པར་འཕགས་པའི་བསོད་ནམས་བསམ་ལས་འདས།