R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༥༧
[A:༥༧]གྲོགས་པོ་རྣམས་དཔང་དུ་གྱུར་པ་ཡིན་ནོ། །ལེགས་པར་བསམས་ན་འདིའི་རྣམ་པར་ཐར་པ་ངོ་མཚར་བ་སྐྱེད་པ་ཞིག་གོ །དེ་ལྟར་རྒྱལ་སྲས་ཆོས་ཚུལ་རྒྱ་མཚོའི་གཏེར། །ལེགས་བསམ་ཡོན་ཏན་ནོར་བུའི་འབྱུང་གནས་པ། །དཔལ་ལྡན་ཏིང་འཛིན་ཀླུ་དབང་གིས་བསྟེན་པའི། །ཆོས་རྗེ་རྒྱ་མཚོའི་གཏིང་མཐའ་ག་ལ་དཔོག །དེ་ལྟ་མོད་ཀྱི་བློ་ཡི་སྙིམ་པ་ཡིས། །དེ་ཡི་ལེགས་ཆ་འགའ་ཙམ་བདག་གིས་འཐུངས། །འོན་ཀྱང་དེ་ལ་འཕེལ་འགྲིབ་ཡོད་མིན་ཡང༌། །སྐོམ་པས་གཟིར་བའི་ཉེ་བར་གདུངས་བ་ཞི། །ལས་ཀྱི་རྒྱུན་ཕྱོགས་འབབ་པ་མངོན་གཞོལ་བ། །སྐྱེ་བའི་ཆུ་ཀླུང་འཕེན་པ་མི་བཟད་པས། །སྲིད་པའི་རྒྱ་མཚོ་གང་དུ་འཕངས་པ་ན། །བདག་ཉིད་ཆེན་པོས་རྗེས་སུ་འཛིན་གྱུར་ཅིག །རྒྱ་མཚོའི་གླིང་དུ་ལས་ཀྱིས་ལུས་གྲུབ་པའི། །བློ་གྲོས་དཀར་ལྡན་བླ་མ་ལ་གུས་པའི། །ཤཱཀྱ་གྲགས་ཞེས་བྱ་བས་གསོལ་བཏབ་ནས། །བརྡ་སྤྲོད་བྱེད་པ་དེ་ཡིས་སྦྱར་བ་ཡིན། །དཔལ་ལྡན་ས་སྐྱ་པ་ཆེན་པོ་དེའི་རྣམ་པར་ཐར་པ་ཐུན་མོང་དུ་གྲགས་པ་མདོ་ཙམ་ཞིག་སྡེ་སྣོད་འཛིན་པ་ས་སྐྱ་པཎྜི་ཏས་བསྡུས་པ་འདི་རེ་ཞིག་རྫོགས་སོ།།