R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣ན
[A:༩༣ན]ལུགས་དེ་ཇི་ལྟར་དར་བའི་ཚུལ་བསྟན་ཟིན་པ་སྟེ། བོད་ཡུལ་དུ་འདུས་པ་འཕགས་སྐོར་ཇི་ལྟར་བྱུང་ཚུལ་ལེགས་པར་བཤད་ཟིན་པ་ཡིན་ལ། གཉིས་པ་ཡེ་ཤེས་ཞབས་ལུགས་སོགས་ལུགས་གཞན་བསྟན་པ་ལ་ཡང་། ཡེ་ཤེས་ཞབས་ལུགས་ཀྱི་བརྒྱུད་རིམ་སྨོས་ཏེ་དེ་ཉིད་ཇི་ལྟར་དར་བའི་ཚུལ་དང་། ཇོ་བོའི་ལུགས་ཀྱི་བརྒྱུད་རིམ་སྨོས་ཏེ་དེ་ཉིད་ཇི་ལྟར་དར་བའི་ཚུལ་དང་གཉིས་ལས། དང་པོ་ནི། བོད་འདིར་ཐོག་མར་ལོ་ཆེན་རིན་ཆེན་བཟང་པོས། པཎྜི་ཏ་ཤདྡྷ་ཀ་ར་ཝརྨ་ལ་ཞུས་པའི་གསང་འདུས་འཇམ་རྡོར་གྱི་དབང་སོགས་དང་། དེའི་རྗེས་སུ་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱིས་པཎྜི་ཏ་བ་ལིཾ་ཏ་ཨཱ་ཙཱརྻ་ལ་ཞུས་པའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་བཤད་སྲོལ་བཟང་པོ་བྱུང་བ་དེ་ཉིད་དང་། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་ངོ་བོ་པུཎྱ་ཤྲཱི་ལ་ཞུས་པའི་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དབང་དང་། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་བླ་མ་པཎ་དྷ་པ་ལ་ཞུས་པའི་དབང་སོགས་མང་དུ་བྱུང་བ་ཡིན་ཡང་། དེང་སང་བཀའ་མ་ནུབ་ཅིང་དར་རྒྱས་ཡོད་པ་ནི་གཉན་ལོ་ནས་བརྒྱུད་པ་འདི་ཉིད་དེ། དེ་ཡང་གཉན་ལོ་ཆེན་པོ་དེས་འཕགས་ཡུལ་དུ་བྱོན་ནས་རི་སུལ་གྱི་རྣལ་འབྱོར་མ་དང་། བླ་མ་པཎ་དྷ་བ་སོགས་བླ་མ་མང་དུ་བསྟེན། མདོ་སྔགས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་ཞིག་དང་། ཁྱད་པར་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་དང་གདམས་པ་མང་པོ་ཞིག་དང་། འདུས་པའི་ཆོས་སྐྱོང་གཉན་མགོན་ཆེན་པོ་ཞལ་བཞི་པའི་ཆོས་སྐོར་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པར་སྤྱན་དྲངས་ཁའུ་པ་ཆོས་ཀྱི་རྒྱལ་མཚན་སོགས་ལ་གནང་། དེའི་དྲུང་དུ་རྗེ་བཙུན་ཕྱག་ན་པདྨོའི་སྤྲུལ་པ་བརྩེ་