R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤ན
[A:༩༤ན]ལེགས་པར་ཐོབ་ཅིང་སྒྲུབ་ཐབས་ཀྱི་བཤད་པ་ཡང་ཀུན་མཁྱེན་གྱིས་མཛད་པའི་རྣམ་བཤད་སྟེང་ནས་སྨིན་རྒྱས་སུ་ནོས་པ་ཡིན་ནོ །གཉིས་པ་ཇོ་བོའི་ལུགས་ཀྱི་བརྒྱུད་རིམ་སྨོས་ཏེ་དེ་ཉིད་དར་བའི་ཚུལ་ནི། སྤྱིར་ཇོ་བོའི་ལུགས་ལ་གསང་འདུས་འཕགས་ལུགས་ཤིག་ཀྱང་བྱོན་མོད་ཀྱང་ད་ལྟ་ཆད་ནས་མི་བཞུགས་ལ། དེང་སང་བཀའ་མ་ནུབ་པ་ནི་གསང་བ་འདུས་པ་སྤྱན་རས་གཟིགས་ལྷ་བཅུ་དགུ་མ་སྟེ། འདི་ཉིད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་དངོས་སུ་གནང་བ་ཡིན་པ་ལས། ཇོ་བོ་རྗེ་བོད་དུ་བྱོན་པའི་ཚེ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བདག་སྤྱན་རས་གཟིགས་ལ་མོས་པས། སྤྱན་རས་གཟིགས་ཀྱི་དབང་བསྐུར་ཅིབ་ཞུ་ཞུས་པས། དེས་ཅིས་ཀྱང་རུང་གསུངས་ནས་འཇམ་རྡོར་གྱི་རིགས་པས་སྤྱན་རས་གཟིགས་གཙོ་བོར་བྱས་པའི་གསང་བ་འདུས་པ་ལྷ་བཅུ་དགུ་དབང་འདི་གནང་བ་ཡིན་ལ། དེས་འམ་པ་ལྕགས་རི་བ་ལ་གནང་། དེ་ནས་རྒྱ་ལྕགས་རི་གོང་པ། རྫིང་བུ་ཁ་པ་ཤཱཀྱ་གྲགས། སྤེན་ཕུ་ག་དར་མ་ཤཱཀྱ ཞང་ཡེ་པ། ཟེ་བ་དོན་གྲུབ། བར་ཐང་བ་ཡབ་སྲས། བསོད་ནམས་དབང་ཕྱུག མང་མཁར་ཁྲ་ཚང་པ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། མཁས་གྲུབ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན་ཀུན་དགའ་བཟང་པོའི་བར་དུ་ལེགས་པར་བརྒྱུད་དེ། དེ་མན་ཆད་གོང་དུ་བསྟན་པའི་འཇམ་རྡོར་གྱི་དབང་གི་བརྒྱུད་པ་དང་འདྲ་བས། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་དྲུང་དུ་ཀུན་མཁྱེན་ཆེན་པོའི་ཡིག་ཆའི་སྟེང་ནས་ཁོ་བོ་ཅག་གིས་ལེགས་པར་ཐོབ་པ་ཡིན་ནོ། །དེ་ལྟར་ན་ཁ་བ་ཅན་གྱི་ལྗོངས་འདིར་དཔལ་གསང་བ་འདུས་པ་ལ་