R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤བ
[A:༩༤བ]ལུགས་སྲོལ་མི་འདྲ་བ་འཕགས་སྐོར། ཡེ་ཤེས་ཞབས་ལུགས། ཇོ་བོའི་ལུགས་ཀྱི་སྤྱན་གཟིགས་དང་གསུམ་གསུམ་པོ་དེ་དག་ལས་སོ་སོར་མཆེད་པ་ལ། ལོ་ཆེན་རིན་ཆེན་བཟང་པོའི་ལུགས། འབྲོག་མིའི་ལུགས། འགོས་ལོ་བསོད་ནམས་རྩེ་མོའི་ལུགས། མར་ལོ་ཆོས་ཀྱི་དབང་ཕྱུག་ལུགས། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་བདག་ཉིད་ཆེན་པོ་ས་པཎ་གྱི་ལུགས། ཆག་ལོ་ཆོས་རྗེ་དཔལ་ལུགས། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ལུགས་སོགས་འཕགས་ལུགས་ཉིད་ཀྱི་གསང་བ་འདུས་པ་མང་པོ་དང་། ཡང་ཡེ་ཤེས་ཞབས་ལུགས་པ་ཡང་ལོ་ཆེན་ལུགས། གཉོས་ལོ་ཡོན་ཏན་གྲགས་ལུགས། རྭ་ལོ་རྡོ་རྗེ་གྲགས་ལུགས། གཉན་ལོ་དར་མ་གྲགས་ནས་ས་ཆེན་ཀུན་དགའ་སྙིང་པོ་ལ་བཀའ་བབས་པ་འཇམ་རྡོར་ས་ལུགས་ལ་སོགས་པ་དུ་མ་དང་། ཡང་ཇོ་བོ་ལུགས་ཐུན་མོང་མ་ཡིན་པ་གསང་འདུས་སྤྱན་རས་གཟིགས་ཀྱི་དབང་སོགས་དཔག་ཏུ་མེད་པ་ཞིག་བྱོན་པ་ཡིན་ཀྱང་། མར་ལུགས། འགོས་རྡོག་གི་ལུགས། དེ་ལས་གྱེས་པ་ས་ལུགས་སྔ་མ། དེ་དག་ལ་མ་ལྟོས་པ་ས་ལུགས་གསར་མ་དང་བཞིའམ། ཡང་ས་ལུགས་སྔ་མ་འགོས་རྡོག་གི་ལུགས་སུ་བྱས་ན་གསུམ་དུ་ཡང་འདུ་བས། དེ་རྣམས་ནི་དེང་སང་གི་བར་དུ་བཀའ་མ་ནུབ་ཅིང་ཆེས་དར་བ་ཡིན་ཞིང་། ཡེ་ཤེས་ཞབས་ལུགས་ནི་ས་ལུགས་འདི་མ་གཏོགས་གཞན་རྣམས་དེང་སང་ཕལ་ཆེར་ཆད་ནས་མེད་པར་སེམས་ལ། ཇོ་བོའི་ལུགས་ཀྱི་གསང་འདུས་སྤྱན་རས་གཟིགས་ཀྱི་ཆོས་བཀའ་དང་། བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ལུགས་ཀྱི་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྨིན་གྲོལ་གྱིས་བསྡུས་པའི་ཆོས་སྐོར་རྣམས་དེང་སང་གི་བར་དུ་རྒྱུན་མ་ཆད་པ་དར་རྒྱས་སུ་བཞུགས་པ་འདི་ཡིན་ནོ། །དེ་དག་གིས་ནི་ཡེ་ཤེས་ཞབས་ལུགས་སོགས་ལུགས་གཞན་བསྟན་པ་ཡང་བཤད་པ་སྟེ་དེ་རྣམས་ཀྱི་སྒོ་ནས་དཔལ་གསང་བ་འདུས་