R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥ན
[A:༩༥ན]པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་ལ་ལེགས་པར་བསྟན་ཟིན་ཏོ། །འདིར་སྨྲས་པ། ཟབ་མོའི་མཐར་ཐུག་གསང་བ་འདུས་པ་ཡི། །བསྟན་ལ་བཀའ་དྲིན་ཆེ་བའི་རྒྱ་བོད་ཀྱི། །མཁས་གྲུབ་ལོ་པཎ་བརྒྱུད་པར་བཅས་པ་ཡི། །རྣམ་ཐར་དྲན་པས་ལན་བརྒྱར་ཕྱག་བགྱིའོ། །སྔོན་ཚེ་སྐལ་བཟང་དཔྱོད་ལྡན་སྐྱེས་བུ་རྣམས། །སྐྱེ་བ་གཏན་གྱི་དོན་ཆེན་བསྒྲུབ་པའི་ཕྱིར། །ཚེ་འདིའི་ལས་ལ་ཇི་སྙེད་མི་སེམས་པར། །རྟག་ཏུ་དམ་ཆོས་དོན་གཉེར་ཁོ་ནས་བྲེལ། །དེང་སང་དུས་ཀྱི་ཆོས་པར་རློམ་པ་རྣམས། །འདིར་སྣང་སྲེད་པ་མི་སྐྱ་བས་ཀྱང་ཆེ། །དེས་ན་ལྟོ་རྒྱབ་ཕྱིད་ཕྱིར་མགོ་སྤུ་བྲེགས། །གོས་མདོག་བསྒྱུར་བ་ཙམ་ལ་ངོ་མཚར་ཅི། །རབ་བྱུང་བསྙེན་པར་རྫོགས་པར་ཁས་འཆེ་ཡང་། །འདུལ་ཆོས་རྒྱ་མཚོ་སློབ་པ་ལྟ་ཞོག་གི །ལྟུང་བ་སྡེ་ལྔའི་བླང་དོར་ཙམ་ཞིག་ཀྱང་། །མི་ཤེས་བཙུན་པར་རློམ་རྣམས་གད་མོའི་གནས། །སེམས་བསྐྱེད་ཆོ་གས་བྱང་ཆུབ་སེམས་བསྐྱེད་ནས། །ཕར་ཕྱིན་དབུ་མའི་གཞུང་ལུགས་ཆེ་བ་ལ། །ཐོས་བསམ་ལྟ་ཅི་བསླབ་བྱ་རགས་པ་ཡང་། །སྤང་བླང་མི་ཤེས་རྒྱལ་སྲས་འདི་རྣམས་མཚར། །བརྒྱུད་ལྡན་བླ་མར་སྨིན་བྱེད་དབང་ནོས་ཀྱང་། །བསྐྱེད་རྫོགས་མན་ངག་རྒྱུད་དོན་ཟབ་མོ་ལ། །ཇི་སྙམ་མི་སེམས་རྩ་ལྟུང་མིང་དོན་ལའང་། །རྨོངས་པའི་སྔགས་འཆང་འདི་དག་ཆེས་རབ་བླུན། །དེས་ན་དམ་པའི་ཆོས་ལ་ཞར་བྱུང་དང་། །དོན་མེད་ཚེ་འདིའི་དོན་ལ་ཨ་འཐས་པའི། །ཆོས་གཟུགས་རྣམས་ལ་བདག་གི་ལེགས་བཤད་གཏམ། །ལན་བརྒྱར་སྨྲས་ཀྱང་ཕན་པའི་སྐབས་མ་རྙེད། །འོན་ཀྱང་རང་ཉིད་ལས་འཕྲོ་བཟང་བའི་མཐུས། །གཞོན་ནུའི་དུས་ནས་སྐྱེས་ཆེན་གོང་མ་ཡི། །བསྟན་པ་སྤེལ་བའི་རྣམ་ཐར་མཐོང་བའི་ཚེ། །བཅོས་མིན་དང་འདོད་དད་པ་ཡང་ཡང་སྐྱེས། །དེ་ཕྱིར་བདག་དང་བདག་གི་དངོས་བརྒྱུད་ཀྱི། །སློབ་མ་ལས་འཕྲོ་ལྡན་པ་འགའ་རེ་ཙམ། །འབྱུང་བར་འགྱུར་སྙམ་དེ་དག་ལ་བརྟེན་ནས། །གསང་འདུས་བསྟན་པ་རྒྱས་ཕྱིར་ངས་འདི་བཤད། །དེ་ལྟར་དགོངས་ལ་བློ་གྲོས་མིག་ཅན་རྣམས། །གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ཀྱི། །ངོ་མཚར་བསྟན་བཅོས་འདི་དང་གྲོགས་གྱིས་ལ། །ཟབ་དང་རྒྱ་ཆེའི་དཔལ་ལྡན་འདུས་པ་ཡི། །ཆོས་རྒྱུན་བཞུགས་པའི་བླ་མ་མང་བསྟེན་ལ། །ཐོས་བསམ་བསྒོམ་པས་རང་རྒྱུད་སྨིན་བྱས་ནས། འཆད་རྩོད་རྩོམ་པས་གསང་འདུས་བསྟན་པའི་རྒྱུན། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །ཚེ་མཐར་ཕྱིན་ཞིང་བསམ་དོན་ཀུན་འགྲུབ་སྟེ། །སྤྱི་དང་བྱེ་བྲག་བསྟན་པ་རིན་ཆེན་འདི། །མི་ཉམས་དབྱར་མཚོ་བཞིན་དུ་འཕེལ་བར་ཤོག །དེ་རྒྱུན་བསྐལ་པར་རིགས་བརྒྱུད་དྲི་མེད་ཀྱིས། །རྒྱུན་དུ་སྐྱོང་ཞིང་བདག་ཅག་དཔོན་སློབ་རྣམས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །མི་འབྲལ་ལྷན་ཅིག་བདེ་བ་ཅན་བགྲོད་ཤོག །ཅེས་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་། འཇམ་མགོན་གྲུབ་པའི་འཁོར་ལོས་བསྒྱུར་བ་དཔལ་ས་སྐྱ་པ་ཆེན་པོ་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པའི་མཚན་ཅན། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྗེ་བཙུན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ་ཡོངས་འཛིན་དགེ་བའི་བཤེས་གཉེན་བསླུ་མེད་ཀྱི་བླ་མ་དུ་མའི་ཞབས་སེན་རིན་པོ་ཆེ་དབང་གི་རྒྱལ་པོ་སྤྱི་བོའི་ཅོད་པཎ་དུ་འཛིན་པའི་སྐལ་བ་བཟང་པོ་ཅན་དཔལ་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་མཁས་པཎྜི་ཏ་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་