R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦ན
[A:༩༦ན]བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དཔལ་འདུས་པའི་ཆོས་འབྱུང་སྔ་ཕྱི་དུ་མ་དང་བླ་མ་སོ་སོའི་རྣམ་ཐར་ལ་བརྟེན་ནས་འཕགས་པའི་ཡུལ་ན་བྷ་ཝ་ར་ཞེས་པ། གངས་ཅན་གྱི་ཡུལ་དུ་དངོས་པོ་ཞེས་གྲགས་ཤིང་། རྒྱ་ནག་ལུགས་ལ་ཤིང་ཕོ་ཁྱིའི་ལོ། ཨུཏྟཱ་ར་ཕཱལྒུ་ནི་ཞེས་པ་དབོ་ཟླ་བའི་པི་ཏ་དེ་ཀཱ་ཞེས་པའམ། མིང་གཞན་དཀར་ཕྱོགས་ཞེས་ཡོངས་སུ་གྲགས་པའི་དུས་ཚེས་ཁྱད་པར་ཅན་དང་། ཤུ་ཀྲ་ཞེས་པ་རེ་གཟའ་པ་སངས་དང་། ཨུཏྟ་ར་ཕཱལྒུ་ནཱི་ཞེས་པ་སྐར་མ་བྲ་དང་། དྷྲི་ཏི་ཿཞེས་པ་སྦྱོར་བ་འཛིན་པ་དང་། བ་བམ་ཞེས་བྱེད་པ་གདབ་པ་དང་། བྲྀ་ཥ་བྷ་ཞེས་པ་ཁྱུ་མཆོག་གི་དུས་ལ་སྤྱོད་པའི་ཉིན། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་བཞི་ཐོག་བླ་བྲང་གི་ཚོམས་དམར་གྱི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པདྨ་ཅན་གྱི་དྲུང་ག་ལ་བ་དེར་སྦྱར་བའི་ཡི་གེ་པ་ནི། རང་དང་ཉེ་བར་གནས་པའི་དགེ་སློང་རྡོ་རྗེ་འཛིན་པ་མདོ་སྔགས་རབ་འབྱམས་སྨྲ་བ་བསམ་གཏན་རྒྱ་མཚོ་ཞེས་བྱ་བའི་གསུང་རབ་ཀྱི་དོན་ལ་སྤྱོད་པའི་བློ་གྲོས་ཀྱིས་མིག་རབ་ཏུ་གསལ་བ་དེ་ཉིད་ཀྱི་དད་པ་དང་བརྩོན་འགྲུས་བླ་ན་མེད་པའི་སྒོ་ནས་ལེགས་པར་བགྱིས་སོ། །བསྟན་བཅོས་འདི་རྫོགས་པར་གྲུབ་པའི་ཉིན་ཁོ་ན་ལ། ཉང་སྟོད་རྐྱང་པོ་ལྷ་ཁང་ནས་ལོ་ཆེན་རིན་ཆེན་བཟང་པོའི་ཐུགས་དམ་འཁྲུལ་མེད་ཀྱི་གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་ཐང་རྒྱ་གར་གྱི་རི་མོ་དཔེ་བྲལ་ཞིག་དང་། རྣམ་རྒྱལ་ལྷ་དགུའི་བྲིས་ཐང་དེ་དང་འདྲ་བ་ངོ་མཚར་ཅན་ཞིག་སྟེ་གཉིས་རྩོལ་མེད་དུ་བྱུང་བས་ལེགས་ཚོགས་ཀྱི་རྟེན་འབྲེལ་རང་འགྲིག་ཏུ་བྱུང་བ་ཡིན་ནོ། །དཔལ་ལྡན་གསང་བ་འདུས་པའི་ཆོས་འབྱུང་འདི། །དཔལ་ལྡན་གདོང་བཞི་གཉན་པོ་ཁྱེད་ལ་གཏད། །དཔལ་ལྡན་འདུས་པའི་བཤད་སྒྲུབ་བསྟན་པའི་རྒྱུན། །དཔལ་ལྡན་ས་སྐྱར་སྲིད་མཐར་གནས་པར་མཛོད། །སྭསྟི་ཛ་ཡནྟུ།། །།བཀྲ་ཤིས་རྒྱལ་བར་གྱུར་ཅིག། །།