R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤བ
[A:༡༤༤བ]མིའི་གཟུགས་ཅན་རྗེ་བཙུན་དམ་པ་སངས་རྒྱས་རྒྱལ་མཚན་ལས་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་ན་རོ་མཁའ་སྤྱོད་དང་བཅས་པའི་དབང་བྱིན་རླབས། བསྐྱེད་རྫོགས་ཀྱི་ཟབ་ཁྲིད། རྒྱུད་དང་རྒྱ་བོད་ཀྱི་གཞུང་མང་པོའི་བཤད་ལུང་སོགས་མདོར་ན་རྣལ་འབྱོར་གསང་མཐའི་གདམས་པ་རྒྱ་མཚོ་ལྟ་བུའི་བཀའ་དྲིན་མནོས་པའི་སྐལ་བ་བཟང་པོར་གྱུར་ཅིང་། གཞན་ཡང་སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཀུན་དགའི་མཚན་ཅན་དང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ། ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ
མཁས་པ་
རིགས་སྔགས་འཆང་བ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། སྔོན་དུས་བྱོན་པའི་སྐྱེས་ཆེན་རྣམས་ཀྱི་རྣལ་འབྱོར་གསང་མཐའི་ཆོས་སྐོར་མཐའ་དག་དར་རྒྱས་སུ་མཛད་པའི་ཚུལ་རྣམས་ལ་དད་པ་བཅོས་མིན་སྐྱེས་པ་དང་། ད་དུང་ཁོ་བོ་ཅག་རྗེས་འབྲངས་དང་བཅས་པ་ལ་བརྟེན་ནས་རྣལ་འབྱོར་གསང་མཐའི་བསྟན་པ་དར་རྒྱས་སུ་གྱུར་ན་ཅི་མ་རུང་སྙམ་པའི་ལྷག་བསམ་དག་པས་ཀུན་ནས་བསླངས་ཏེ། ཟབ་མོའི་ཡང་རྩེ་དཔལ་འཁོར་ལོ་བདེ་མཆོག་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་ཡུན་རིང་མོ་ནས་འདྲིས་པར་བྱས་ཏེ། རང་གི་བགྲང་གཞི་བཅུ་ཕྲག་བཞི་དང་ཉག་མ་གཉིས་ལོན་པ། རྒྱ་གར་འཕགས་པའི་ཡུལ་ན་བ་ཧུ་དྷ་ནྱཿསྟེ་འབྲུ་མང་པོ་ཞེས་གྲགས་ཤིང་རྒྱ་ནག་ལུགས་ལ་ས་ཕོ་སྟག་གི་ལོ་བྱེ་པཱ་ཥི་ཞེས་པའི་ཟླ་བའི་དཀར་ཕྱོགས་རྫོགས་པ་དང་