[A:༢༠༣བ]ནས་ཞལ་ངོ་གཅིག་ས་སྐྱའི་གདན་ས་མཛད་པ་དང་། ཆོས་གཞན་ལ་སྟེར་མ་ཕོད་པ་འདྲ་ཡོད་པས་ཉན་པ་ལ་བྱོན་གསུངས་པས། ཡུམ་ཐུགས་བྲེལ་གྱི་གཡེངས་པའི་རྐྱེན་གྱིས། ཞལ་ངོ་ཡང་མ་ཕེབས་ཤིང་། ཕྱག་རྟགས་ཀྱི་ལན་ཙམ་ཡང་མ་བྱུང་བ་ལ་བརྟེན། ཕྱིས་རྡོ་རིང་རིན་པོ་ཆེའི་སྐུའི་བསོད་ནམས་ལྟ་བུར་བྱུང་བ་ཡིན་ཞེས་བླ་མ་རྣམས་གསུངས་ཏེ། དེ་ཡང་རྗེ་བཙུན་རྡོ་རིང་པ་ཆེན་པོ་དབུས་ཕྱོགས་ན་བཞུགས་པའི་མནལ་ལམ་དུ་དཔལ་ལྡན་ས་སྐྱ་ནས་ཡིན་ཟེར་པའི་གཡག་ནག་ཁྱི་ནག་མི་ནག་ཨ་ཙ་ར་མང་པོ་བྱུང་ནས། ཁྱོད་ས་སྐྱ་ལ་འགྲོ་དགོས་མི་འགྲོ་ན་གསོད་པ་ཡིན་ཟེར་བསྡིགས་པའི་རྣམ་འགྱུར་དུ་མ་བྱེད་པ་དང་། ཁྱེད་མི་འགྲོ་ན་འདི་ལྟར་བྱེད་པ་ཡིན་ཟེར་ནས་ཕྱག་རྫས་ཐམས་ཅད་ཁུར་ནས་བར་སྣང་ལ་འགྲོ་བ་སོགས་ནུབ་མང་པོའི་བར་དུ་བྱུང་བ། ཕྱིས་བསམ་པས། བདག་ཆེནརིན་པོ་ཆེའི་ཐུགས་རྗེས་ཆོས་སྐྱོང་རྣམས་བསྐུལ་དུ་བཏང་བར་འདུག་