R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༦ན
[A:༢༦ན]ནས་གསེར་གྱི་ན་བཟའ་ཅན་དུ་བྱས་ཏེ། དེར་བཞུགས་ཀྱི་དགེ་འདུན་རྣམས་ལ་གདུང་ཐལ་ཚོན་པ་རེ། བཞུ་རིལ་བུ། ན་བཟའི་དུམ་བུ། གདུང་ཚ་རེ་དང་བཅས་འགྱེད་པར་མཛད་ཅིང་། དད་ལྡན་གྱི་སློབ་མ་རྣམས་ལ་ཕྱོགས་སུ་ཡང་བསྐུར་བ་གནང་། གདུང་ཚ་ལྷག་མ་རྣམས་རྟེན་སོ་སོའི་ནང་དུ་བཞུགས་སུ་གསོལ། བཅུ་པ་མཛད་པ་འཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པའི་ཚུལ་ནི། ཀུན་གྱི་སྐྱབས་གནས་དམ་པ་དེ་ཉིད་ཞི་བར་གཤེགས་ཀྱང་། ཉིད་ཀྱི་སློབ་མ་རྣམས། ཡང་སློབ་དང་། ཉིང་སློབ་སོགས་ཀྱི་དམ་པ་དེ་ཉིད་ཀྱི་འཕྲིན་ལས་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་དུ་ཆུ་བོ་ཆེན་པོའི་རྒྱུན་ལྟར་སྤེལ་ཏེ་མཛད་པ་འཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་འབྱུང་བ་འདི་ནི་རྨད་དུ་བྱུང་བའི་རྟེན་འབྲེལ་གྱི་སྒོ་བླ་ན་མེད་པར་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེ་འཆང་དངོས་ཨེ་ཝཾ་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི། །རྣམ་ཐར་མདོ་ཙམ་བཤད་པའི་དགེ་བ་ཡིས། །བདག་ཅག་དཔོན་སློབ་སྒྲིབ་ཀུན་བྱང་གྱུར་ཅིག །དེ་ལ་བརྟེན་ནས་དུས་འདིར་ཚེ་རིང་ཞིང་། །ལྔ་ཕུང་བྲོ་ནད་དང་བྲལ་དབང་པོ་གསལ། །བསྟན་པ་འཛིན་པའི་རིགས་བརྒྱུད་མྱུར་འབྱུང་ཞིང་། །དེ་རྒྱུན་བསྐལ་པར་རྒྱུན་མི་འཆད་པར་ཤོག །བདག་དང་གདུལ་བྱར་བཅས་པའི་འགྲོ་བ་རྣམས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །ཀུན་ཀྱང་ལྷན་ཅིག་བདེ་བ་ཅན་སྐྱེས་ནས། །སླར་ཡང་སྤྲུལ་