[A:༥བ]ཐུགས་མི་མངའ། ཡབ་ཡུམ་དང་ཐ་དད་དུ་བཞུགས་པའི་ཚེ་ན། བསམ་པ་ཆུང་ངུས་མི་སྤྱོད་པར་བང་མཛོད་ཀྱི་དངོས་པོ་ཁམ་ཆེན་པོ་རྣམས་ཀྱང་འཕངས་པ་མེད་པར་སྟེར་བ་ལ། སྣ་བོ་དག་གིས་འགོག་པར་མི་ནུས་པས་ཟད་པ་མེད་པར་སྤྱོད། དགུང་ལོ་བདུན་བཞེས་པ་ནས་བཟུང་བསྙེན་གནས་ཡན་ལག་བརྒྱད་པའི་ཁྲིམས་མནོས་ཏེ། ཟླ་བ་བྱུང་ངོ་ཅོག་ལ་ལན་གསུམ་[C:264]མམ་གཉིས་མི་ཆག་པར་བསྲུང༌། རང་བཞིན་གྱིས་ཐུགས་བསྒམ་པས་གཞན་གྱིས་བཅོ་བ་ལ་ཐུགས་མི་གཡོ་ཞིང༌། རྐྱེན་ངན་པ་ཅི་བྱུང་རུང་ཐུགས་མི་འཁྲུགས། གཅིག་ཏུ་དམ་པའི་ཆོས་ཁོ་ན་ལ་ཐུགས་གཞོལ་བས་དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་མཛད་ཅིང༌། བླ་མ་སློབ་དཔོན་གྱི་མིང་དུ་གྲགས་པ་མཐའ་དག་ལ་གུས་པས་འདུད་པ་སོགས། མདོར་ན།
སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །
བཟོད་པ་དང་ནི་མོས་པ་དང༌། །
དགེ་ལ་ཡང་དག་སྤྱོད་པ་ནི། །
རིགས་ཀྱི་རྟགས་སུ་ཤེས་པར་བྱ།
ཞེས་ཇི་སྐད་གསུངས་པ་ལྟར་རྒྱལ་བའི་རིགས་ཀྱི་ནུས་པ་ཡང་དག་པར་རྟས་པའི་ཚུལ་སྟོན་པར་མཛད་དོ། །
བག་ཆགས་ཚོན་བརྒྱས་བཀྲ་བ་རི་མོའི་གཟུགས། །
ཀུན་གཞིའི་མེ་ལོང་དྭངས་པ་ལ་ཤར་བ། །
འདུ་བྱེད་གཡོ་བའི་མིག་གིས་མཐོང་བ་ལས། །
འགྲོ་མང་མི་དགེ་ངང་གིས་སྤྱོད་ན་ཡང༌། །
རྒྱལ་བའི་སྲས་ཁྱོད་གཏོང་ལ་གོམས་པ་ཡིས། །
དབུལ་འཕོངས་སྡུག་བསྔལ་སེལ་བ་སྦྱིན་པའི་ཆར། །
འབད་མེད་སྙིང་རྗེའི་མཁའ་ལས་ངང་གིས་འབེབས། །
ཚོགས་གཉིས་ཆུ་གཏེར་སྐྱེད་མཁས་ཁྱོད་ལགས་སོ། །
འདི་དག་ནི༌[B:༡༦] སྐུ་བལྟམས་ཤིང་གཞོན་ནུ་རོལ་རྩེད་མཛད་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱིས་རྦ་རླབས་གྱེན་དུ་སྐྱོད་པའི་རིམ་པའོ།། །།
སངས་རྒྱས་ཀྱི་བསྟན་པའི་སྒོར་བཞུགས་པའི་གཏམ།
ད་ནི། སངས་རྒྱས་ཀྱི་བསྟན་པ་