R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༦ན
[A:༦ན]རིན་པོ་ཆེའི་སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་སྦྱངས་པའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། ། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཞེས་གསུངས་པ་ལྟར། ཐོག་མར་ཚུལ་ཁྲིམས་ཀྱི་ཕུང་པོ་ཐུགས་རྒྱུད་ལ་བསྐྲུན་པའི་ཚུལ་ནི། འཁོར་བ་ནི་མེའི་འོབས་ལྟ་བུ། མྱ་ངན་ལས་འདས་པ་ནི་བདུད་རྩིའི་ཆུ་རྒྱུན་ལྟ་བུ། འཁོར་བ་ནི་རོ་མྱགས་ཀྱི་འདམ་ལྟ་བུ། མྱ་ངན་ལས་འདས་པ་ནི་དག་པའི་ཤེལ་ལྟ་བུ། འཁོར་བ་[C:265]ནི་སྡུག་བསྡལ་གྱི་རྒྱ་མཚོ་ཆེན་པོ། མྱ་ངན་ལས་འདས་པ་ནི་ཐར་བའི་སྐམ་སའོ་སྙམ་དུ་དགོངས་ནས། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བཞེད་ནས་ཆོས་བྲོས་ཀྱི་རྣམ་པ་ལན་མང་དུ་མཛད་པ་ན། ཡབ་ཀྱི་ཞལ་ནས། "བུ་ཆུང་སྔགས་པ་འདི་ཆེ་ཀའི་ཆེ་འོག་སྐུ་རབ་པའི་རྒྱལ་སྲིད་ཀྱི་ཕྱེད་དབང་རྒྱུ་ཡིན་ན་ཡང༌། ཆོས་ཀྱི་བག་ཆགས་སད་པའི་རྣམ་པ། དྭགས་པོ་འདྲ་བའི་ཡུལ་དུ་བློ་མི་ཁུགས་པ་ཅིག་འདུག་པ་དང༌། འདི་ལུས་ལ་འཁོར་དུས་མ་ལ་རྨི་ལྟས་བཟང་པོ་འང་བྱུང༌། ཤེས་རབ་ཀྱང་ཆེན་པོ་འདུག་པས། དབུས་ཕྱོགས་སུ་ཆོས་ལ་རྫོང་པ་འཐད་པར་འདུག"་ཅེས་གསུང་ཞིང༌། མི་ཟད་པའི་ལོངས་སྤྱོད་ཆེན་པོ་དང་བཅས་ནས་བརྫངས་ཏེ། དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་ཕོ་སྟག་གི་ལོ་ལ་བོད་ཤིང་སྒོ་ཅན་དུ་གཏོགས་སོ་འཚལ་གྱི་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་རྩེར་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲི་བྷ་དྲའི་རྒྱལ་འཚབཚབ་དམ་པ། ཚོགས་ཆེན་མོ་པའི་མཁན་ཆེན་རིན་པོ་ཆེ་བཀྲས་སེང་པའི་དྲུང་དུ། ཚིགས་སྔ་མ་དགེ་བསྙེན་དུ་སྒྲུབ་པ་སྔོན་དུ་འགྲོ་བས་རབ་ཏུ་བྱུང་ཞིང༌། ཚིགས་བར་མ་དགེ