[A:༦བ]་ཚུལ་ཉིད་དུ་ཉེ་བར་བསྒྲུབས་པ་ན་མཁན་པོའི་མཚན་ལས་གྲས་ཏེ། བཀྲ་ཤིས་རྣམ་རྒྱལ་ཞེས་བྱ་བའི་མཚན༌[B:༡༧] དུ་གསོལ་ལོ། །དུས་ཕྱིས་དགུང་ལོའི་ཚིགས་ལེགས་པར་ཚང་ནས་བརྟན་མཁས་གཉིས་ལྡན་གྱི་མཁན་པོ་རྗེ་བཙུན་སུ་[C:266]མ་ཏི་ཀཱིརྟི་དང༌། ལས་ཀྱི་སློབ་དཔོན་འདུལ་བ་འཛིན་པ་གནས་བརྟན་མཁས་པ་ཆེན་པོ་ཀཱིརྟི་ངྷྭ་ཛ་ཞེས་པ་དང༌། གསང་སྟེ་སྟོན་པ་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་པ་ཞུ་བ་ལ་མཁས་པ་ནམ་མཁའ་དཔལ་དང༌། དུས་སྒོ་བརྗོད་པ་སྣར་ཐང་པ་ཤེས་རབ་སེང་གེ་ལ་སོགས་པ་དགེ་སློང་གི་དགེ་འདུན་བཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐུགས་རྒྱུད་ལ་བསྐྱེད་ནས། ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་བསྲུང་བ་ལ་མཁས་པར་མཛད་དོ། །
སྤོང་སེམས་གསེར་གྱི་ཆར་པས་སྦགས་པ་ཡི། །
སྙིང་སྟོབས་གསེར་རིའི་རྩེ་མོར་ཚུལ་ཁྲིམས་ཀྱི། །
ཉིན་བྱེད་དད་པའི་ཤིང་རྟས་ལེགས་དྲངས་ཏེ། །
ཐུབ་བསྟན་གླིང་བཞི་གསལ་བར་ཁྱོད་ཀྱིས་མཛད། །
བསླབ་གསུམ་ནོར་བུས་གཏིང་མཐའ་མེད་གང་བའི། །
ཐུབ་བསྟན་རོལ་མཚོའི་དབུས་སུ་བསྟི་མཛད་པ། །
ཁྱོད་སྐུ་གསེར་གྱི་རི་དབང་བརྗིད་པ་ནི། །
ངུར་སྨྲིག་ཐུན་མཚམས་སྤྲིན་གྱིས་དྲ་བས་གཡོགས། །
དེ་ཚེ་མཁའ་ལ་ལྷ་ཚོགས་གར་བྱེད་ཅིང༌། །
དབང་པོའི་གཞུ་ཡི་གུར་ཁང་ཉམས་དགའ་བ། །
གེ་སར་རྡུལ་ཚོགས་རྒོད་པའི་འཛུམ་ཕྲེང་ཅན། །
ངོ་མཚར་མིག་གི་དགའ་སྟོན་ཅི་ཡང་མཐོང༌། །
སྲིད་པའི་ནགས་ཚལ་སྡུག་བསྔལ་ཚང་ཚིང་ཅན། །
གཏི་མུག་མུན་པར་འཁྱམས་པའི་འགྲོ་འདི་རྣམས། །
ཁྱོད་སྐུ་མཛེས་པའི་གཟི་འོད་དེས་རེག་ཚེ། །
ཐར་པའི་ལམ་བཟང་སྣང་བར་བྱས་པ་སྙམ། །
འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲོལ་མཁས་