R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡བ
[A:༡བ][C:256]༄༅། །རྗེ་བཙུན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་གྱི་རྒྱ་མཚོ་ཟད་མི་ཤེས་པའི་ཡོན་ཏན་གྱི་གཏེར་ཞེས་བྱ་བ། སེམས་ཀྱི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། མ་ལུས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས་བརྙན་དག་པའི་མཁའ་ལ་སྣང་བ་ནི། ། ཁྱབ་བདག་དཔལ་ལྡན་བླ་མ་ཞེས་གྲགས་སྲིད་དང་ཞི་བའི་མིག་འཕྲུལ་མཁན་གཅིག་པུ། ས་ཆེན་འདིར་ནི་ཡ་མཚན་སྒྱུ་མ་སྟོན་སླད་བཀྲ་ཤིས་རྣམ་པར་རྒྱལ་བའི་མཚན། ། གང་ཁྱོད་སྐྱེ་དང་ཚེ་རབས་ཀུན་ཏུ་དད་པའི་ཡིད་མཁར་འབྲལ་མེད་རྟག་བཞུགས་ཤིག ། ཁྱོད་སྔོན་བསྐལ་པ་མང་པོའི་ཕ་རོལ་ཏུ། ། ཚོགས་གཉིས་རྒྱ་མཚོའི་འཇུག་ངོགས་ཉེར་བགྲོད་དེ། ། སྐུ་གསུམ་ནོར་བུའི་གླིང་ལ་མངའ་མཛད་ཀྱང༌། ། གདུལ་བྱ་དོན་མཐུན་བཀྲི་བའི་ཐབས་མཁྱེན་པས། ། གང་ཡང་མཐོ་རིས་གཟིངས་ཆེན་ལ་ཆིབས་ནས། །