R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡༡ན
[A:༡༡ན]དང༌། རྗེས་སུ་གནང་བ་བགྲང་བ་ལས་འདས་པ་དང༌། དྭགས་པོ་བཀའ་བརྒྱུད་ཀྱི་ཟབ་ཁྲིད། དབང་རྗེས་གནང་བྱིན་བརླབས་ལུང་ལ་སོགས་པ་ཆོས་སྐོར་ཤིན་དུ་མང་བ་དང༌། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་མན་ངག་ཕྲ་མོས་མཐའ་བརྟེན་པ་ཡོངས་སུ་རྫོགས་པ་དང༌། རྙིང་མའི་ཆོས་སྐོར་མང་པོ་དང༌། བཀའ་གདམས་པའི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་དང༌། མཁའ་རེག་སྐོར་གསུམ་དང༌། ཁྲོ་བུ་བའི་གདམས་པ་ལ་སོགས་པ། གདམས་པ་ཕྲན་བུའང་རྒྱ་ཡོངས་སུ་མ་ཆད་པར་གསན་ཏེ་མཁྱེན་པར་མཛད། ཆོས་ཀྱི་རྗེ་ངག་དབང་རྒྱལ་མཚན་པ་ལས་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་དབང་ལུང་མན་ངག་བཀའ་བསྲུངས་དང༌[B:༢༥] བཅས་པ་ཡོངས་སུ་རྫོགས་པར་གསན་ནས་མཁས་པར་མཛད་དོ། །སྤྱན་སྔ་ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་པ་ལས་ཀྱཻ་རྡོ་རྗེ་ལུགས་བཞིའི་དབང་སོགས་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་ཤིན་དུ་མང་པོ་དང༌། གཤེད་དམར། སྦྲ་ནག །གདོང་དྲུག་ལ་སོགས་གཤིན་རྗེ་གཤེད་ཀྱི་[C:276]སྐོར་དང༌། དམར་པོ་སྐོར་གསུམ་དང༌། མཁའ་སྤྱོད་མ་སྐོར་གསུམ་སོགས་མཆོག་བསྒྲུབ་པའི་གདམས་པ་ཁྱད་པར་ཅན་རྣམས་དང༌། གྲི་གུག་མ་ལྷ་ལྔ་དང༌། བཅུ་བདུན་མ། གུར་ལྷ་བརྒྱད་དང༌། བཅུ་གཉིས་མའི་དབང་སོགས་མགོན་པོའི་གདམས་པའི་སྐོར་ཞིབ་ཚེགས་དང་བཅས་པ། ཞལ་བཞི་པ་ལྷ་མང་དང༌། ལས་བཞིའི་རྗེས་སུ་གནང་བ་སོགས་གདམས་པ་ཡོངས་རྫོགས་དང༌། གཞན་ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལས་བརྒྱུད་པའི་ཟབ་ཆོས་མ་ལུས་པ་གསན་ནས་མཁས་པར་མཛད། རྒོད་ཕྲུག་གྲགས་འབྱུང་བ་ལས་གཅོད་ཡུལ་གྱི་གདམས་པ་མཐའ་དག་དང༌། འབྲི་གདན་གྱི་ཟབ་ཆོས་རྣམས་ལ་སོགས་པ་བཀའ་བརྒྱུད་རིན་པོ་ཆེའི་