[A:༢བ]སེམས་ཅན་གྱི་དོན་མཛད་པའི་ཚུལ་ཆེ་ལོང་ཙམ་ཞིག་བརྗོད་པར་བྱའོ། །
སྐུ་སྐྱེ་སྔོན་མའི་ལོ་རྒྱུས་ཀྱི་གཏམ།
དེ་ཡང༌། སྔོན་གྱི་སྐྱེས་པའི་རབས་ནི་བསམ་གྱིས་མི་ཁྱབ་སྟེ། འཕགས་པའི་ཡུལ་དུ་ནི་གྲུབ་པའི་དབང་ཕྱུག་ནག་པོ་པ་ཞེས་བྱ་བར་གྲགས་ཤིང༌། ཨོ་རྒྱན་གྱི་ཡུལ་དུ་ནི་ཨིནྡྲ་བོ་དྷི་ཞེས་བྱ་བ་དང༌། ཤམ་བྷ་ལའི་ཡུལ་དུ་ནི་རྒྱ་མཚོའི་བློ་གྲོས་ཤེས་བྱ་བ་ལ་སོགས་པ་སྤྲུལ་པའི་སྐུའི་བཀོད་པ་མཐའ་ཡས་པ་སྟོན་པར་མཛད་པ་རྣམས་ལས། སྐུ་སྐྱེ་བ་འདིའི་སྔ་མ་ནི། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་བགྲང་བ་ལས་ཀྱང་དངོས་གྲུབ་ཀྱིས་ཡང་དག་པར་བརྒྱན་པའི་སྐྱེས་ཆེན། ཀུན་མཁྱེན་དྲི་མེད་འོད་ཟེར་རམ་ཀློང་ཆེན་[C:258]རམ་འབྱམ་པརབ་འབྱམས་པ་ཞེས་ཀྱང་བྱ། མཚན་དངོས་རྫོགས་ཆེན་པ་ཚུལ་ཁྲིམས་བློ་གྲོས་ཤེས་བྱ་བ་དེ་ཉིད་ཡིན་ནོ་ཞེས་རྗེ་ཉིད་ཀྱིས་ཞལ་གྱིས་མཆེས་པར་ཐོས་སོ། །
གཟིགས་པ་བདུན་དུ་གཟིགས་པའི་གཏམ།
དེ་ཉིད་ཀྱི་མཛད་པའི་མཐའ་མ་འོད་གསལ་ཆོས་ཀྱི་སྐུ་ལ་ཞུགས་པའི་རྗེས་ལས་སྲིད་པ་བར་མ་དོའི་ཚུལ་དུ་བདེ་བ་ཅན་གྱི་ཞིང་ཁམས་རྣམ་པར་སྦྱངས་ནས། རྒྱལ་བ་འོད་དཔག་ཏུ་མེད་པའི་ཐུགས་ཀྱི་སྲས་དམ་པར་བཞུགས་པ་ལས། སྔོན་གྱི་སྨོན་ལམ་གྱི་དུས་མཁྱེན་པས་མིའི་འཇིག་རྟེན་གྱི་གདུལ་བྱ་འདུལ་བའི་དུས་ལ་བབ་པར་དགོངས་པ་ན། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་མིའི་འཇིག་རྟེན་དུའང་ཞལ་དངོས་སུ་བསྟན་ནས་དགེ་བའི་བཤེས་གཉེན་མཛད་པར་དམ་བཅའ་བ་བརྟན་པོ་དང་བཅས་པས་བསྐུལ་བའི་ཚེ། གང་དུ་འཁྲུངས་པར་འགྱུར་བའི་ཡུལ་གྲུ་དྭགས་པོའི་སའི་ཐིག་ལེ་ན། དེའི་ཚེ་སྐུ་རབ༌[B:༡༡] པའི་གདུང་རྒྱུད་ཉིད་ཆེ་ཞིང་བཙུན་པར་གྲགས་པས་རྒྱལ་རིགས་དང་རྗེས་སུ་མཐུན་པའི་རིགས་ལ་གཟིགས་པ་དང༌། རྒྱལ་པོ་པུ་དེ་གུང་རྒྱལ་