[A:༣༤བ]འགྱངས་པའི་དབང་གིས་ཆོས་ཧ་ཅང་འཕེལ༌[B:༦༦] ཆེས་པར་མ་གྱུར་པས། ད་ལྟ་དགོན་པ་ཡོད་པ་འདིའི་རི་འདབས་རྣམས་སུ་གླེའུ་ལྡིང་ལ་བརྟེན་ནས་བསྡད་པ་རྣམས་ཐོས་བསམ་འཕེལ་བར་གྱུར་པ་ལས། རྗེ་ཉིད་ཀྱིས་སའི་དཔྱད་ལེགས་པ་སོགས་ཀྱིས་སྤྲོ་བ་བསྐྱེད་པར་མཛད་ནས། སྤྱིལ་བུ་འདེབས་སུ་བརྩལབསྩལ་བས། དགོན་པ་མང་པོར་འཕེལ་ནས། དུས་ཕྱིས་དགེ་འདུན་གྱི་འདུ་བ་རྒྱ་ཆེན་པོར་གྱུར་པ་ལ། སྡེ་སྣོད་འཛིན་པ་ཡོན་ཏན་རྒྱ་མཚོ་བ་མཁན་ཐོག་མར་བསྐོས་ཤིང༌། གྲྭ་ཚང་སོ་སོའི་ཆོས་འཆད་ལ་དབོན་པོ་བཟང་པོ་རིན་ཆེན་དང༌། སློབ་དཔོན་དགེ་འདུན་དཔལ་བ། སློབ་དཔོན་བློ་བཟང་དང༌། སློབ་དཔོན་གྲགས་པ་འབྱུང་གནས་ལ་སོགས་པ་གསུང་ལས་སྐྱེས་པའི་མཁས་པ་རྣམས་བསྐོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བསྟན་པ་སྤེལ་བར་མཛད་ལ། ལོ་རློན་གྱི་རྩི་འདོག་དགོན་པ་སྒོ་སྐུ་རྩིག་མཁར་གྱི་བར་དུ་ཞིག་རལ་ལ་སོང་བའི་ཚེ། འཕྲིན་ལས་རྒྱུན་མི་འཆད་པའི་རྟེན་འབྲེལ་ལ་མངའ་བརྙེས་པས་བཀྲ་ཤིས་སྒང་གི་ཆོས་སྡེ་འདི་ཉིད་ལུང་བསྟན་ནས་འདེབས་སུ་རྩལབརྩལ/བསྩལ། མཁས་པ་ཆེན་པོ་དགེ་འདུན་རིན་ཆེན་ལ་སོགས་པ་ཆོས་སྟོན་པར་དབང་བསྐུར་[C:327]བས། ལུང་རིགས་སྨྲ་བ་མང་དུ་འདུ་བའི་དགེ་འདུན་གྱི་སྡེ་ཆེན་པོ་འདིར་འཕེལ་ཏེ། དཔལ་དང་ལྡན་པའི་ཆོས་ཀྱི་སྡེ་འདི་གཉིས་ཀྱི་བསྟན་པའི་རྒྱུན་གྱིས། མཐོང་སྨོན་གྲྭ་ཚང་གི་འཕྲིན་ལས་ཀྱི་རྩ་ལག་མཆོག་ཏུ་གྱུར་པ་འདི་ཡིན་ནོ། །སྒམ་པོའི་སྤྱན་སྔར་བསོད་ནམས་རིན་ཆེན་ལ་བཤད་གྲྭ་འཛུགས་པར་གསོལ་ནས། སྣེའུ་ཐང་གི་ཆོས་གྲྭ་གསར་དུ་བཙུགས་ཏེ། ཆེན་པོ་ཆོས་རྒྱལ་རིན་ཆེན་ཆོས་སྟོན་པ་པོར་བསྐོས་པས་ཀྱང་དིང་སང་གི་བར་དུ་ཆོས་སྡེ་དར་རྒྱས་སུ་འགྱུར་བར་མཛད། གཞན་ཡང་མདོ་ཁམས་ནས་མངའ་རིས་ཀྱི་བར་སྟོད་སྨད་ཡན་ཕྱིན་ཀུན་ཏུ་གྲྭ་བུ་སློབ་དང༌། ཡོན་བདག་དང་བཅས་པ་