[A:༣༥བ]བ་དག་གིས། རོང་སྟོན་ཆེན་པོས་དགོན་པའི་གཞི་མང་དུ་གཏིང་ནས་ཡང་ཡང་སྤོས་པ་ལས་བདག་ཉིད་ཆེན་པོ་འདི་ཐུགས་སྙུགས་བུད་དེ། ཉིད་རང་ཟུར་དུ་དགོན་པ་འདེབས་ཀྱིན་འདུག་པའི་ཅལ་ཅོལ་མང་དུ་སྒྲོག་པ། ཆོས་ཀྱི་རྗེ་བཟོད་ཆེན་ཕྱོགས་ལས་རྣམ་རྒྱལ་བ་ཤེལ་གྲོང་ན་ཆོས་བར་ལ་བཞུགས་པའི་སྙན་དུ་གསན་ནས། སྦ་མཁར་ལ་བརྟེན་ཞབས་བཙུག་ནས་སྙེ་ཕུ་ལ་ཕྱགས་ཕེབས༌[B:༦༨] ཏེ་གསུངས་པ། གྲོགས་པོ་ཁྱེད་འདིར་དགོན་གསར་འདེབས་པར་འདུག་ཟེར་བའི་གཏམ་ཚོར་བྱུང་བ་མི་དག་ལ་ཆེ། རང་ཅག་གི་ཕ་རྒན་ཀྱང་དགོན་པ་འདེབས་པའི་ཐུགས་བཞེད་ནི་ཤིན་དུ་དུར། སྐྱིད་གཡོར་གྱི་སའི་ཆ་རྣམས་སུ་དགོན་པའི་གཞི་མང་དུ་བཏིང་ཀྱངཡང་རྟེན་འབྲེལ་མ་འགྲིག་པས། འཕན་ཡུལ་གྱི་སའི་ཐིག་ལེ་རྣམས་[C:329]སུ་དགོན་ས་ཚོལ་དུ་གཞུད་པ་ནི་ཐུགས་ལ་མངའ། དགུང་ལོ་བདུན་ཅུས་གཉའ་མནན་ཀྱང་། ཐུགས་རྒྱ་ནི་ནམ་མཁའི་མཐའ་ལྟར་ཤིན་ཏུ་ཆེ། ཐུགས་ཀྱི་བཞེད་པ་བསྒྲུབ་མི་ནི་འགའ་ཙམ་དུ་བས་ན།
ཁོང་བགྲེས་པོ་རང་ཅག་གཉིས་ཀྱི་བློས་བཏང་ན། ཐུགས་བསམ་ལམ་དུ་ལསལུས་པར་གདོན་མི་འཚལ་བས། དཔོན་སློབ་དགོན་པ་ཐུན་མོང་དུ་འདེབས་པ་ཅིག་ཅི་ནས་ཀྱང་བགྱི་བའི་རེ་བ་སོགས། ཅམ་བུ་ཙམ་མ་ཡིན་པར་དོན་ལ་རྟོན་པ་ཉིད་དུ་གསོལ་བའི་ལན་དུ་ཐུགས་ཀྱི་དགེས་པ་རབ་ཏུ་གང་བའི་ཞལ་གྱི་དཀྱིལ་འཁོར་འཛུམ་པའི་མདངས་ཀྱིས་བྱུགས་ཏེ་བཀའ་བསྩལ་བ། བདག་གི་ཡིད་ལ་ཇི་ལྟར་འབབ་པའི་གཏམ་གྲོགས་དམ་པས་གསུང་བར་འོས་པ་ཉིད་གསུངས་པ་སྟེ། རྗེའི་ཞལ་སྔ་ནས། དགོན་ས་གཟིགས་པའི་རིང་ལ། ཕྱོགས་འདིར་དམ་པའི་ཆོས་དོན་དུ་གཉེར་བ་དག་གི་འདོད་པ་བསྐང་ནས་སླད་ཀྱིས་ཕྱགས་ཕྱི་བསྒྲུབ་པའི་ཁས་ལེན་ཞབས་དྲུང་ཉིད་དུ་ཕུལ་ཡོད་