[A:༤༤བ]པའི་ལོངས་སྤྱོད་ཀྱི་ཡོ་ལང་རྣམ་ཐོས་ཀྱི་བུའི་འབྱོར་པ་ལྟ་བུས་འདུས་པའི་དགེ་འདུན་གྱི་ཚོགས་ཆེན་པོ་ནི་དབྱར་གྱི་རྒྱ་མཚོ་ལྟར་གང་བར་གྱུར་ཏོ། །ཉི༌[B:༨༤] ཤུ་ལྔའི་ཉིན་སྨན་པའི་རྒྱལ་པོ་ཞལ་གཟིགས་དུས། སྨན་རྒྱལ་ལ་མཆོད་པ་བཤོམས་གསུང་ཞིང་སྨོན་ལམ་མང་པོ་མཛད་པ་དང་བསྟོད་པ་མཛད་ནས། དེ་མ་ཐག་ཞལ་གཟིགས་ཐང་སྐུའི་བཀོད་པའང་སྐུ་ཞལ་ལ་བཀའ་རྩལ་ནང་ཚུན་དུ་སྐུའི་རྣམ་འགྱུར། སྤྱན་གྱི་གཟིགས་སྟངས། གསུང་འབྱོན་གྱི་རིམ་པ་ལ་སོགས། གང་ལ་དཔགས་རུང་དག་པའི་སྣང་བ་འབའ་ཞིག་འཁོར་མར་ཤར་བའི་ཚུལ་མཛད་ཀྱིན་འདུག །ཉི་ཤུ་དགུའི་ཉི་མ་ཟེར་ཁར་འོད་དཔག་མེད་གཙོ་འཁོར་ལྔ་ཞལ་གཟིགས་ནས་སྟོདབསྟོད་པ་མཛད་དེ། ཞལ་གཟིགས་ཐང་སྐུའི་བཀོད་པ། ཆོས་རྗེ་ཀུན་དགའ་དཔལ་བ་ལ་བཀའ་བསྩལ། དེ་བཞིན་དུ་ཕྱག་ཐུགས་ཀར་ཐལ་མོ་སྦྱར་ནས་ཐུབ་དབང་ལ་མཆོད་པ་བཤོམས་གསུང་བ་དང༌། རྣལ་འབྱོར་དབང་ཕྱུག་དང༌། རྗེ་ས་ཆེན་དང༌། ཆོས་རྗེ་བླ་མ་དམ་པ་སོགས་ལ་བསྟོད་པ་ཐུང་ཙམ་རེ་ཞལ་འདོན་དུ་མཛད་པ་[C:349]དང༌། བྱམས་པ་ལ་མཆོད་པ་བཤོམས་གསུང་བ་དང༌། འཇམ་དབྱངས་ལ་མཆོད་པ་བཤོམས། སྒྲོལ་མ་ལ་མཆོད་པ་བཤོམས་གསུང་བ་དང༌། ཆོས་རྗེ་ཐམས་ཅད་མཁྱེན་པ་ཕེབས་བྱུང༌། ཕྱག་ཕུལ་གསུང་པ་དང༌། ནམ་མཁའ་ལ་བལྟོས་དང༌། ཅི་འདྲ་མཐོང་འདུག་གསུང་པ་སོགས་ལས། ཐ་མལ་པའི་བཀའ་ལུང་ནི་ཆེར་མི་སྣང༌། སྐུ་མདུན་པ་རྣམས་ཀྱི་ཉམས་སྣང་ལའང་ལྷ་ཚོགས་མང་པོའི་དབུས་ན་ཡོད་པ་སྙམ་བྱེད་ཅིང༌། ངལ་བའི་སྣང་བ་ནུབ་པ་ཙམ་བྱུང༌། ཟླ་བ་དགུ་པའི་ཚེས་གསུམ་ལ། བླ་མའི་སྐུ་གང་འགྲུབ་རྣམས་ལ་རབ་གནས་ཀྱི་གྲབས་གྱིས་གསུང་བ་བཞིན། སྦྱང་བ་དང་གཟུངས་བཞུགས་བྱས་ནས། སྐུ་དྲུང་དུ་མཆོད་གྲལ་ལ་བསྒྲིགས། ཕྲོའཕྲོ་ཅན་རྣམས་