[A:༤༥ན]ཀྱང་ཟངས་སྐུ་དང༌། སྦྲ་བཟོ་སོགས་བསྒྲིགས། ཐུགས་དམ་ཐང་སྐུ་སོགས་ཕྱག་ནས་གནང་འོས་མཐའ་དག་བསགས། མཆོད་པ་རྒྱ་ཆེན་པོ་བཤམས་ནས་ཕྱག་ནས་གནང་བས་མེ་ཏོག་གི་ཆར་འབབ་བཞིན་པ་དེ་ཉིད་ཇེ་ཆེར་བབ་ཅིང༌། ལྷོ་ནུབ་ཀྱི་རིའི་རྩེ་ནས་འཇའ་ཁ་དོག་སྣ་ལྔ་པ་ཞིག་བྱུང་བའི་སྣསྣེ་མོ་གཟིམས་ཡོལ༌[B:༨༥] ལ་ཐལ་བྱུང་དུ་ཕུག་ནས་རྗེའི་སྐུ་ལུས་དང་རྟེན་རྣམས་ལ་ཟུག་པ་བྱུང༌། བཀའ་ལུང་ལ། ངེད་རང་རྣམས་ཇ་མཉམ་དུ་འཐུང་པ་དེ་ཡིད་དགའ་བར་འདུག་པས། ད་རེ་ཇ་དཀར་ཞིག་སྦྱོར་ལས། མི་འདི་རྣམས་ཤོག་གྱིས་གསུང་ནས། དྲུང་ཆེན་དཔལ་འབྱོར་རྒྱ་མཚོ་བ་དང༌། སློབ་དཔོན་ལེགས་རྒྱམ་པ། རྗེ་ལོ་ཆེན། དབོན་པོ་རྣམ་གཉིས། སྐུ་ཞང༌། ཉེར་གནས་དཔལ་ལྡན་བཀྲ་ཤིས། ཆོས་རྗེ་ཀུན་དགའ་དཔལ། བླ་མ་ཕུན་ཚོགས་པ་སོགས་སྐུ་འཁོར་བ་རྣམས་ཚོགས་[C:350]པའི་དབུས་སུ། ངེད་ན་ནིང་ནས་འགྲོ་དགོས་རྒྱུ་ཡིན་ནའང༌། གདུལ་བྱ་ལྷག་མ་མང་རབ་ཀྱི་དོན་བྱ་དགོས་ཡོད་པ་དང༌། ཁྱེད་རྣམས་ལ་བརྩེ་བས་རྟོན་གསུམ་རྣམས་ཀྱི་ཞབས་ཏོག་མ་འགྲུབ་པའི་ཚུལ་བྱས་ཚེ་སྲིངས་པ་ཡིན། ད་ལོ་གདུལ་བྱ་མང་པོའི་དོན་གྲུབ་བྱུང་བས། ད་ནི་ཚེ་འདིར་བགྱིད་འོས་ཀྱི་བྱ་བ་ཕལ་ཆེར་ཚར། ཕྲན་ཚེགས་ཀྱི་འཕྲོ་ཅན་རྣམས་སྐྱེ་བ་ཕྱི་མ་ལ་ཨེ་འགྲུབ་ལྟ་བ་ཡིན། འཇིང་པས་མགོ་མི་ཐེག་ཅིང་ཟུག་ཟེར་འབའ་ཞིག་གནས་སུ་གྱུར་པའི་ལུས་འདི་ལའང་ཞེན་པ་ལོག་བྱུང༌། ནད་གཡོག་རྣམས་ཀྱང་འཕངས་པར་འདུག། །དུས་དིང་སང་གི་སྐྱེ་བོ་འདི་རྣམས་ཀྱི་སྤྱོད་པ་ལའང་ཡིད་འབྱུང་བར་གདའ། སྙིགས་མའི་དུས་འདིར་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། བྱ་བ་ལས་ཀྱི་འཁོར་ལོ་སོགས་སྒོ་མཐའ་དག་ནས་བསྟན་པ་དང་སེམས་ཅན་གྱི་དོན་རང་དཀྲིས་ཀྱིས་མ་བཅིངས་པར་བྱས་པའི་ལུགས་ཡིན། འཆི་བྲོད་ཀྱི་གདེང་