[A:༤༧བ]ལ་[C:355]ལར་འདའ་ཚུལ་སོགས། །
སྒྱུ་འཕྲུལ་ཟློས་གར་བསྒྱུར་མཁས་ཁྱོད་ལགས་སོ། །
དེ་ནས་ཚེས་བཅུ་བཞིའི་བར་དུ་བཞུགས་སྟངས་དེ་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་ཤིང༌། སྐུ་གཟི་མདངས་དང་འོད་དུ་མེ་རེ་བ་ཞལ་དངོས་སུ་བཞུགས་པ་ལྟར་གྱུར་ཅིང༌། སྐུ་འཁྲིས་པ་དང་གསོལ་འདེབས་པ་རྣམས་ཀྱང་གཉིད་དང་རྨུགས་པ་མེད་ཅིང་རིག་པ་དངས་པས་དགེ་བ་ལ་ངང་གིས་འཇུག་པར་གྱུར་ཏོ། །
བསྟན་འགྲོ་བྱ་བ་རྒྱུན་མི་ཆད་པར་འབྱུང་བའི་གཏམ
ཚེས་བཅོ་ལྔའི་ཞོགས་པ་མཆོད་བཤོམས་ལ་ཕྱིན་དུས། སྐུ་གཡས་ཕྱོགས་སུ་ཡོ་ནས་རྡོ་རྗེ་དྲིལ་བུའི་ཕྱག་རྒྱའང་ཞིག །སྐུའི་མདངས་ཀྱང་ཉམས་པ་སོགས་ཐུགས་དམ་གྲོལ་བའི་མཚན་མ་གསལ་བར་སྣང་བས་ཚེས་བཅུ་བདུན་ལ་ཕན་ཡུལ་གྱི་སེར་འདུ་འགྱེད་ཆེན་གཏང་ཉིན་ནམ་མཁའ་ལ་འཇའ་ཁ་དོག་སྣ་ཚོགས་པ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་དབྱིབས་ཅན་གྱི་བར་མཚམས་མེད་པར་གང་བའི་དབུས་ནས་མེ་ཏོག་གི་ཆར་སྔར་བས་ཆེ་བ་ཁ་དོག་ལྔ་ལྡན་དུ་འབབ་ཅིང༌། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་པ་ནམ་མཁའ་ལ་འོད་འབར་བར་བབ་པའི་ཚེ། མི་རྣམས་ཀྱིས་ཀྱང་ཧབ་ཤར་བཟུང་བ་ན། གསེར་ལས་བྱས་པའི་མེ་ཏོག་འདབ་མ་བཞི་པ་དང༌། བརྒྱད་པ་ལ་སོགས་ཡུ་བ་ཡོད་པ་དང་རིན་པོ་ཆེ་མིང་མི་ཤེས་པ་དེ་འདྲ་ལས་བྱས་པའི་འདབ་བཞི། འདབ་བརྒྱད་ཡུ་བ་ཅན་སོགས་ལག་ཏུ་ཟིན་པའང་མང་པོ་བྱུང༌། ཉི་མ་སྔར་བས་ཀྱང་སུམ༌[B:༩༠] འགྱུར་གྱིས་རིང་བ་ཙམ་དང༌། འདུས་པའི་ཚོགས་ཆེན་པོ་རྣམས་ཀྱང་ཡིད་སྤྲོ་ཞིང་མྱ་ངན་གྱི་སྣང་བ་ནུབ་པ་བྱུང༌། དེ་ནུབ་སློབ་དཔོན་ལེགས་རྒྱམ་པས་སྲེག་བླུགས་འབུལ་བའི་ཕྱག་ལེན་པ་མཛད་ཅིང༌། མཆོད་པའི་[C:356]སྤྲིན་གྱི་ཕུང་པོ་གྱ་ནོམ་པ་དང༌། གདུང་ཁང་རྒྱན་དུ་མས་བརྒྱན་ཏེ་སྐུ་གདུང་ཞུགས་ལ་གཞེན་པར་མཛད་པ་ན། མེ་རང་འབར་བ་ལྟར་དུ་བ་མེད་ཅིང་དྲི་ཞིམ་ལ་འོད་གསལ་བས་བག་ཕེབས་པ་འབར། ཟླ་བཅུ་པའི་ཚེས་བརྒྱད་ལ་ཚོགས་སུ་ཉིན་ཐུབ་