R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 319
[A:319]ནི༎ སེམས་ཀྱི་མདུད་གྲོལ་མཆོག་ལགས་ཏེ༎ གཟིགས་ཤིག་གཞན་ལ་མེད་པའི་ཆོས༎ ཡོངས་ལ་དག་སྣང་རིས་མེད་པའི༎ ཀུན་སྤྱོད་སོར་བཅུ་སྦྱོར་བའི་ཚུལ༎ དགའ་བ་རྒྱས་པའི་མིག་དཀྱུས་དག༎ རང་གྲོལ་མཆོག་གི་རྒྱང་རིང་བལྟས༎ མཁས་གྲུབ་ཀུན་གྱི་བཞེད་སྲོལ་རྣམས༎ མ་འདྲེས་ཡིད་དགའི་རྣམ་རོལ་དུ༎ ལེགས་རྟོགས་སེམས་ཀྱི་མཆིང་གྲོལ་མཆོག༎ འདི་ན་རང་བབས་ལྷུག་པར་སྐྱོང༎ གང་ཡང་རྣམ་མང་ཆོས་ཚུལ་ཡོངས་ལ་སྡང་སེམས་མེད་པའི་ལྷག་བསམ་ཅན༎ གང་ཡང་བསྟན་འཛིན་སྐྱེས་བུ་ཀུན་ལ་ཕྱོགས་ཆ་མེད་པའི་མོས་གདུངས་ཅན༎ གང་ཡང་མཁའ་ཁྱབ་བསྟན་པ་ཀུན་ལ་ཉེ་རིང་མེད་པའི་ཕན་སེམས་ཅན༎ གང་ཡང་སྔོན་བསགས་སྨོན་ལམ་གྱིས་གྲུབ་འབད་པ་མེད་པའི་ཕྲིན་ལས་ཅན༎ གང་གང་ལེགས་སྨོན་འདི་དེ་བཞིན༎ ཡང་ཡང་ཕན་བདེའི་དགེ་འབྲས་དག༎ དེ་དེ་དེ་བཞིན་རང་གཞན་ལ༎ འབད་འབད་མི་དགོས་ལྷུན་གྲུབ་ཤོག༎ སྐྱེ་བ་དུ་མར་བསགས་ཁྱབ་མཐར་ཕྱིན་པས༎ ཚེ་འདིར་ཇི་ལྟའི་རེ་སྨོན་ཡོངས་གང་བ༎ འདི་དེ་དཀོན་མཆོག་ཐུགས་རྗེའི་མཐུ་ཉིད་དང༎ བརྒྱུད་ལྡན་བླ་མའི་བྱིན་རླབས་ལས་བྱུང་བས༎ ད་དུང་ནད་མེད་ཡུན་དུ་འཚོ་བ་དང༎ ཟང་ཟིང་གཡེངས་བའི་བདུད་ཀྱིས་མ་ཁྱེར་བར༎ ལྷ་བསྒོམ་སྔགས་བཟླ་བཀའ་བསྲུངས་མཆོག་རྟེན་པའི༎ བསམ་པ་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག༎ ཅེས་རྣམ་ཐར་མཚར་རྒྱན་འདི་ཡང་གང་ལ་དད་པའི་གདུང་ཤུགས་སྐྱོ་བསུན་མི་མངའ་ཞིང། མོས་གདུངས་ཀྱི་དཔལ་འཛིན་པའི་སྐལ་བཟང་མི་ཡི་དབང་པོས་ནན་གྱིས་བསྐུལ་བའི་ངོར་བརྗེད་ངས་དང་ལེ་ལོའི་བགྱིད་སྐྱུར་སྤངས་ཏེ། ཇི་སྙེད་ཀྱི་དོན་ཇི་ལྟའི་ཡི་གེར་བཀོད་པ་འདི་ཡང། དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་བློ་གྲོས་ཀྱི་རྒྱ་མཚོ་ལས་སོ༎ ༎