R15: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།

  • Pagination (Witness A): ༧༥
[A:༧༥]སྤྲུལ་པ་རྣམ་བཅུ་སྐུ་ཡི་རྟེན་དུ་བྱོན། །ཚངས་པའི་གསུང་དབྱངས་སྟོང་ཉིད་སེང་གེའི་སྒྲ། །སྐྱེ་མེད་དོན་མཚོན་ཨ་ཡིག་འབུར་དུ་དོད། །སྙན་གོང་གཉིས་ལ་རྣམ་རྒྱལ་མཆོད་རྟེན་རེ། །དམ་ཚིག་རྡོ་རྗེ་ལྟེ་བར་ཧཱུྃ་གིས་མཚན། །ཐུགས་དགོངས་རྣམ་དག་རང་བྱུང་ཆོས་སྐུར་ཤར། །གཞན་ཡང་རིང་བསྲེལ་སྣ་ཚོགས་དཔག་མེད་བྱོན། །རྒྱལ་པོ་སྒོ་གསུམ་གུས་པས་འདི་སྐད་གསུངས། །ལྷག་པར་ཡ་མཚན་ཆེ་བའི་རྟེན་མཆོག་ཀུན། །འདི་འདྲའི་ངོ་མཚར་སྣ་ཚོགས་དཔག་ཏུ་མེད། །ཕྱི་རབས་ས་སྐྱའི་བརྒྱུད་པ་པག་ཤི་རྣམས། །ཀུན་ལ་འབྱུང་ན་ངོ་མཚར་ཡ་མཚན་ཆེ། །འོན་ཀྱང་སྔོན་ལས་བསོད་ནམས་བསགས་པའི་མཐུས། །འདི་ལྟར་བྱུང་ན་བསྟན་པའི་རྒྱན་དུ་དཀོན་པའི་མཆོག །དེ་ཡང་བདག་གི་སྨོན་ལམ་མཐུས་བྱུང་རྗེས་ཡི་རང༌། །རྟག་ཏུ་ལུས་ངག་ཡིད་གསུམ་གུས་པས་གསོལ་བ་ཐོབ། །ཡིད་ཆེས་གྱིས་ཤིག་སྐྱེ་བ་འདི་ཡི་འོག་རོལ་དུ། །ཁྱེད་ཅག་བུ་སློབ་རྣམས་དང་བདག་ཅག་ལྷན་ཅིག་ཏུ། །སངས་རྒྱས་བསྟན་པའི་བདག་པོ་བླ་མ་དམ་པ་དེའི། །ཐུགས་རྗེས་རྗེས་བཟུང་འཁོར་གྱི་ཐོག་མར་སྐྱེ་བར་ངེས། །གསུངས་ཏེ་སྐུ་གདུང་རིང་བསྲེལ་རྟེན་མཆོག་རྣམས། །དད་ལྡན་སྐྱེས་བུ་གདུལ་བྱའི་ཚོགས་རྣམས་ལ། །བཀའ་ཡི་སྐྱབས་མཆོག་བསོད་ནམས་བསགས་པ་ཡི། །རྟེན་དུ་གནང་བས་རྟག་ཏུ་དད་པ་ཐོབ། །དོན་གཉེར་སྐྱེ་བོ་ཕར་འགྲོ་ཚུར་འོང་རྣམས། །སྤྲུལ་པ་སྡེ་ཡི་གྲོང་ཁྱེར་ཡུལ་དབུས་སུ། །གསོལ་འདེབས་བསྐོར་བའི་མཆོད་རྟེན་བཞེངས་པ་སོགས། །བྱིན་རླབས་མངོན་རྟགས་འཕྲལ་དུ་བྱུང་བ་མང༌། །རྣམ་ཐར་མདོར་བསྡུས་ཅུང་ཟད་སྟོན་པ་ཡི། །དེ་ལས་བྱུང་བའི་དགེ་བ་གང་ཐོབ་པ། །འགྲོ་རྣམས་ཀུན་མཁྱེན་ཆོས་རྗེ་ཉིད་ཀྱི་ཞབས། །པདྨོ་དྲི་མ་མེད་ལ་གུས་བཏུད་དེ། །རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏར། །གྱུར་ཏེ་སྐྱེ་བ་རྣམས་སུ་ཡང་དང་ཡང༌། །རྟག་ཏུ་འབྲལ་བ་མེད་པར་གནས་གྱུར་ཏེ། །ཤེས་རབ་ནོར་བདུན་དག་དང་ལྡན་གྱུར་ནས། །མཐོ་རིས་ཡོན་ཏན་བདུན་ལ་སྤྱོད་བྱེད་ཅིང༌། །ཐར་པའི་ལམ་མཆོག་དག་ལ་རབ་ཞུགས་ནས། །འགྲོ་ལ་བདེ་སྐྱིད་རྒྱ་མཚོ་འབྱུང་གྱུར་ཅིག །ཅེས་པ་