R15: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།

  • Pagination (Witness A): ༦༤
[A:༦༤]༅། །ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ་བཞུགས་སོ།། ༄༅༅། །ཨོཾ་སྭ་སྟི། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་ཞེས་བྱ་བ། ཆོས་ཀྱི་རྗེར་གྱུར་ཀུན་མཁྱེན་འགྲོ་བའི་མགོན། །མཚན་མཆོག་ལྡན་པ་བལྟ་བས་མི་ངོམས་ཤིང༌། །ཡོན་ཏན་ལྷུན་གྲུབ་བརྩེ་བ་ཆེན་པོའི་ཐུགས། །གདུལ་བྱ་རྣམས་ལ་ལམ་སྟོན་གྱུར་པ་དེས། །རྟག་པར་འཛིན་པའི་འདུ་ཤེས་ལྡོག་པ་དང༌། །ལེ་ལོ་ཅན་རྣམས་དགེ་ལ་བསྐུལ་བ་དང༌། །དད་པ་ཅན་རྣམས་སྤྲོ་བ་བསྐྱེད་པ་དང༌། །ཤེས་རབ་ཅན་རྣམས་ཆོས་ལ་སྦྱར་བ་དང༌། །བློ་གྲོས་ཅན་རྣམས་ཐེ་ཚོམ་གཅད་པའི་ཕྱིར། །ངོ་མཚར་ཆེ་བ་འདི་རྣམས་ཀུན་ལ་བསྟན། །ལྷོ་ཕྱོགས་འཛམ་གླིང་ཁ་བ་ཅན་གྱི་ལྗོངས། །རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་ཡི་སར། །རྣལ་འབྱོར་དབང་ཕྱུག་བྱིན་གྱིས་བརླབས་པའི་གནས། །གྲོམ་པ་ལ་སྟོད་དཔལ་ལྡན་ས་སྐྱ་རུ། །འཁོན་གྱི་གདུང་བརྒྱུད་སྐྱེས་བུ་ཆེན་པོ་དེ། །རྩོད་ལྡན་དུས་ཀྱི་ཐམས་ཅད་མཁྱེན་པ་ལྟར། །འགྲོ་བ་འདུལ་ཕྱིར་སྤྲུལ་པའི་སྐུར་བསྟན་ནས། །སྙིགས་མའི་དུས་ཀྱི་སྐྱབས་མཆོག་གྱུར་པ་དེ། །ཆུ་ཕོ་སྟག་ལོ་དཔྱིད་ཟླ་ཉེར་དྲུག་ལ། །ཤེས་རབ་ཟག་མེད་ཡུམ་ལ་བལྟམས་པའི་ཚེ། །འོད་དང་ལྟས་བཟང་རྣམ་པ་དུ་མ་རྣམས། །ཟས་གཙང་སྲས་ལྟར་ངོ་མཚར་དཔག་མེད་བྱུང༌། །བཙས་པའི་དུས་ནས་སཾ་སྐྲྀ་ཏ་ཡི་སྐད། །རྒྱ་གར་བོད་དང་སྐད་རིགས་རྣམ་པ་བཞི། །ཡི་གེའི་རིགས་རྣམས་མ་ལུས་ཐུགས་སུ་ཆུད། །བཟོ་དང་གསོ་བ་སྒྲ་ཚད་ནང་རིག་སོགས། །ཡོན་ཏན་རིན་ཆེན་རྒྱན་གྱིས་སྤྲས་པ་ཡི། །འགྲོ་བའི་བླ་མ་ཆོས་རྗེ་ས་སྐྱ་པ། །མཚན་ནི་ཡོངས་སུ་གྲགས་པའི་ཆོས་རྗེ་ཡི། །གྲགས་པས་ཁྱབ་པའི་ཡོན་ཏན་འདི་ལྟར་ལགས། །དགུང་ལོ་དགུ་པར་མཚོ་སྐྱེས་རྡོ་རྗེ་དང༌། །གསང་སྔགས་ཕྲ་མོ་ཅི་རིགས་