R15: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།

  • Pagination (Witness A): ༦༥
[A:༦༥]ཐུགས་ལས་གསུང༌། །བཅུ་གཅིག་དུས་སུ་བརྟག་པ་གཉིས་པ་དང༌། །ཀྱེ་རྡོར་ལ་སོགས་སངས་རྒྱས་མཉམ་སྦྱོར་གསུང༌། །བཅུ་གཉིས་དུས་སུ་གུར་དང་སམྦུ་ཊ། །ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་སྡེ་གསུངས། །བཅོ་ལྔའི་དུས་སུ་རྗེ་བཙུན་རྩེ་མོ་དང༌། །ས་ཆེན་ཀུན་སྙིང་དཔལ་ཆེན་འོད་པོ་ཆེའི། །ཐུགས་ལ་མངའ་བའི་ཡོན་ཏན་མ་ལུས་པ། །བདེ་མཆོག་སྐོར་གསུམ་མཁའ་འགྲོ་རྒྱ་མཚོ་དང༌། །ཕག་མོ་སྐོར་གསུམ་ན་རོ་མཻ་ཏྲིའི་ལུགས། །ཀྱེ་ཡི་རྡོ་རྗེ་བདག་མེད་ལྷ་མོའི་སྐོར། །རྡོ་རྗེ་ཕུར་པ་རྡོ་རྗེ་དབྱིངས་ལ་སོགས། །གསང་འདུས་མ་ཧཱ་མཱ་ཡ་གཤིན་རྗེའི་གཤེད། །སངས་རྒྱས་ཐོད་པ་རྡོ་རྗེ་གདན་བཞི་དང༌། །འཇིགས་བྱེད་དགྲ་ནག་གདོང་དྲུག་དུས་འཁོར་སོགས། །མ་ལུས་པ་རྣམས་གསན་ནས་ཐུགས་སུ་ཆུད། །དགུང་ལོ་བཅོ་བརྒྱད་ལོན་པའི་མནལ་ལམ་དུ། །ཨ་ཕྱི་མཆོད་རྟེན་ཆེན་པོའི་དྲུང་དུ་ནི། །དབྱིག་གཉེན་ཞེས་བྱའི་དགེ་སློང་ངུར་སྨྲིག་ཅན། །ཆོས་ཀྱི་མ་མོ་མངོན་པའི་མཛོད་ཚིག་རྣམས། །འཆད་པ་ཐོས་ཤིང་གུས་པའི་ཚུལ་གྱིས་ཉན། །མནལ་སངས་མ་ལུས་ཐུགས་སུ་ཆུད་པར་གྱུར། །རྒྱ་གར་ཤར་ཕྱོགས་རྣམ་པར་རྒྱལ་བ་ཡི། །ཞིང་ཞེས་བྱ་བ་འཁོར་ལོ་ཅན་གྱི་ཡུལ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་བྱ་བའི། །བྲག་ཕུག་ཡིན་ཟེར་ཤིན་ཏུ་ཉམས་དགའ་བར། །ཚད་མ་སྡེ་བདུན་ཀུན་བཏུས་ལ་སོགས་པ། །གླེགས་བམ་མང་པོའི་ལྡེ་མིག་གཏད་པ་རྨིས། །མནལ་སངས་ཉམས་སྣང་རྟོགས་པ་ལྷག་པར་རྒྱས། །བཅུ་དགུ་པ་ལ་འཕྲང་ཞེས་བྱ་བ་ཡི། །དགེ་བའི་བཤེས་གཉེན་ཆེན་པོ་ཞུ་སྟོན་ལ། །རྗེ་བཙུན་བྱམས་པས་གསུངས་པའི་ཆོས་སྡེ་ལྔ། །ཚད་མ་ཀུན་བཏུས་ལ་སོགས་ཆོས་འགའ་གསན། །དེ་ནས་དགུང་ལོ་ཉི་ཤུ་བཞེས་པའི་དུས། །མཚུར་སྟོན་ཆེན་པོ་གཞོན་ནུ་སེང་གེ་ལ། །བསྟན་བཅོས་ཚད་མ་རྣམ་ངེས་གསན་ནས་ནི། །གཙང་གི་རྐྱང་ཐུར་དགེ་འདུན་སྡེ་ཆེན་ལ། །ཆོས་འཁོར་ཆེན་པོ་མཛད་ནས་བྱོན་པའི་ལམ། །རྒྱ་གར་ཁ་ཆེའི་ཡུལ་ནས་བྱོན་པ་ཡི། །