R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༧༦
[A:༧༦]༅། །དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ་བཞུགས།། ༄༅༅ ། །རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་སྲས་མཆོག་ཀུན་ཏུ་བཟང་པོ་མཁའ་དང་ས་སྙིང་སྒྲིབ་པ་ཀུན་སེལ་བྱམས་མགོན་པདྨ་ཅན། །དཔལ་ལྡན་གསང་བདག་རྡོ་རྗེ་ཅན་དང་བགེགས་དགྲ་མི་གཡོ་བཅོམ་ལྡན་འཇམ་དབྱངས་སྐྱེ་དགུའི་ཡབ། །འཁོར་ལོ་རྡོ་རྗེ་སྦྲང་རྩི་ཅན་དང་ཨུཏྤལ་གྱིས་སྤྲས་རྒྱལ་ཡུམ་དྲི་མེད་ཀུན་ནས་མཛེས་རྣམས་དང༌། །མ་ལུས་རྒྱལ་བ་སྲས་དང་བཅས་པའི་གཙུག་གི་རྒྱན་གྱུར་བླ་མའི་ཞབས་ལ་གུས་པས་བདག་ཕྱག་འཚལ། །གང་ཞིག་མུན་པ་ཀུན་ནས་འཇོམས་བྱེད་དེ་བཞིན་སྣར་མའི་གཙོ་དང་རིག་མཆོག་དབུ་མའི་གཉེན། །སྣ་ཚོགས་མཛད་བདག་བསྟན་ལ་རབ་དགའ་མིག་སྟོང་ལྡན་པ་མཁའ་ལྡིང་རྒྱལ་མཚན་ཅན། །གང་ལགས་དེ་དག་དཔལ་ལྡན་ཡོན་ཏན་དཔག་ཡས་ནོར་བུའི་མགུལ་རྒྱན་བཟང་པོས་ལེགས་སྤྲས་ཤིང༌། །མ་ལུས་དགེ་ཚོགས་བྱེད་པའི་གཏེར་ཆེན་ལུས་ཅན་ཀུན་གྱི་རྩ་ལག་ཁྱེད་ལ་རྒྱུན་དུ་མཆོད། །བདེ་ལེགས་གསུང་གི་འབྱོར་པ་ཐོབ་པ་དང༌། །ཕན་བདེ་ཞི་བའི་ཟས་ཀྱིས་མགྲོན་བྱའི་ཕྱིར། །ཆོས་རྗེའི་ཆོས་ཚུལ་རོ་བརྒྱ་ལྡན་པའི་གསུང༌། །མདོ་ཙམ་བཀའ་དྲིན་དོན་གཉེར་བདག་གིས་བསྡུ། །འདི་ལྟར་བཅོམ་ལྡན་འདས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་རྒྱུ་མཐུན་པའི་སྨོན་ལམ་གྱིས་བསྐྲུན་པའི་ཞིང་གི་བྱེ་བྲག་ཤཱཀྱའི་གཙོ་བོ་དེའི་གདུལ་བར་བྱ་བའི་གནས་མི་མཇེད་ཀྱི་འཇིག་རྟེན་ཞེས་གྲགས་པ་འདིའི་ཁྱད་པར་དབུས་ཀྱི་གླིང་ཆེན་པོ་བཞི་ལས། འཛམ་བུ་གླིང་ཞེས་སྒྲོགས་པའི་དབུས་འགྱུར་གྱི་ཚལ། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་གྱི་བྱང་ཕྱོགས། གངས་རི་དཔལ་དང་ལྡན་པས་བརྒྱན་པའི་ཁྲོད། རབ་ཏུ་རྒྱས་པའི་ཀུ་མུ་དའི་ཚལ་