R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༧༧
[A:༧༧]དུ་ཡོངས་སུ་རྫོགས་པའི་རི་བོང་འཛིན་པའི་འོད་ཟེར་ཤར་བ་ལྟར་ཆེས་དཀར་བའི་ངོགས། རྡོ་རྗེ་གདན་གྱིས་བརྒྱད་པའི་གཞི་དང་མཚུངས་པས་རབ་ཏུ་བརྗིད་ཅིང་ཤིན་ཏུ་མཛེས་པ། ཀུན་ནས་བཀྲ་བའི་གཙུག་ལག་ཁང་ན་གནས་པ་ནི། བྱང་ཆུབ་སེམས་དཔའ་ལག་ན་པདྨོས་ངེས་པར་དགོངས་ཤིང་རྗེས་སུ་བསྐྱངས་ལ། ཁ་བ་ཅན་གྱི་ལྗོངས་ན་དཔེ་གང་གིས་ཀྱང་བསྐྲུན་པར་མི་བྱ་བ་དཔལ་ས་སྐྱ་པ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན་བདག་ཅག་གི་བླ་མ་ཁམས་གསུམ་གྱི་མགོན་པོར་གྱུར་པ་འདི་ལ། མ་ག་དྷ་ལ་སོགས་པ་དབུས་འགྱུར་ཚལ་དང༌། ཨོ་ཌི་ཡ་ན་དང་ཁ་ཆེ་ལ་སོགས་པ་བྱང་ཕྱོགས་པ་དང༌། རྒྱ་དང་ཁྲི་དན་པ་ལ་སོགས་པ་ཤར་ཕྱོགས་པ་དང༌། ཁ་བ་ཅན་གྱི་ཁྲོད་ན་གནས་པའི་སྒྲོགས་པ་པོ་མཐའ་དག་ཀྱང་དཔལ་ལྡན་ས་སྐྱ་པ་ཞེས་བརྗོད་པ་དང་གསོལ་བ་འདེབས་པར་བྱེད་པ་ཡིན་ནོ། །དེ་ལྟར་གྱུར་པ་འདིའི་དྲི་མ་མེད་པའི་གདུང་རྒྱུད་ལ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་ཡོད་པ་དང༌། དེ་དག་གིས་བཤེས་གཉེན་དམ་པ་ཇི་སྙེད་ཅིག་བསྟེན་ཅིང་མཁྱེན་པ་དང༌། བརྩེ་བ་དང༌། གྲུབ་པ་ལ་སོགས་པའི་ཡོན་ཏན་དང༌། རྣམ་པར་ཐར་པ་ཇི་ལྟ་བུ་མངའ་བ་དང༌། བུ་རམ་ཤིང་པའི་གདུང་རྒྱུད་སྐྱེ་དགུ་མ་ལུས་པའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་འདིའི་བསྟན་པའི་ཁུར་ཇི་ལྟར་བཞེས་པ་ལ་སོགས་པའི་རྟོགས་པ་བརྗོད་པ་ཇི་ལྟར་ཞེ་ན། འདི་ནི་ཐོག་མ་མེད་པའི་དུས་ཉིད་ནས་གཞན་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་ཁུར་ཁྱེར་བའི་གདུང་རྒྱུད་དམ་པར་གྱུར་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྗེ་སྲོང་བཙན་སྒམ་པོའི་དབོན་པོ་ཁྲི་སྲོང་སྡེ་བཙན་གྱི་སྐུ་རིང་ལ། སྒྲ་བསྒྱུར་གྱི་དམ་པར་གྱུར་པ་ནི། རྒན་པ་གསུམ། གཞོན་པ་གསུམ། བར་པ་གླང་དུ་སུ་ག་ཏ་ཞེས་པ་སྟེ། སད་མི་མི་བདུན་ལྷོ་ཕྱོགས་སུ་བརྫངས་པ་ལས་གཞོན་གསུམ་གྱི་ནང་ནས་སྒྲ་དང་ཚད་མ་ལ་མཁས་པར་བྱེད་པ་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་བ་ཞེས་བྱ་བ་བྱོན་པར་གྱུར་