R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༡༡༢
[A:༡༡༢]ནས་ཏེ་དྲི་མ་མེད་པའི་མདོ་དང་རྒྱུད་དང༌། སློབ་དཔོན་དཔའ་བོ་ལ་སོགས་པའི་བསྟན་བཅོས་མཁན་པོ་མཐའ་དག་གིས་དེའི་ཡོན་ཏན་དང་བསྔགས་པ་བརྗོད་ཅིང་གཞན་ལ་རྒྱ་ཆེར་བསྒྲགས་པར་གསུངས་ལ། འཇམ་དཔལ་རྣམ་པར་འཕྲུལ་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ས་བཅུ་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་དང༌། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་ངེས་པར་འབྱུང་ངོ༌། །འཇམ་དཔལ་དེ་ལྟར་ན་དགེ་བའི་བཤེས་གཉེན་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །འཇམ་དཔལ་དེ་བས་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་བྱ་བ་བཞིན་དུ་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱའོ། །བསྙེན་པར་བྱའོ། །བསྙེན་བཀུར་བྱའོ་ཞེས་གསུངས་ལ། དེའི་ཡོན་ཏན་གྱི་མཐའ་ཡང་མདོ་དེ་ཉིད་ལས། གང་དག་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ། དགེ་བའི་རྩ་བ་བསྐྱེད་པ། དམིགས་པ་མེད་པར་སྤྱོད་པ་དེ་དག་གིས་ཁོ་བོས་བཤད་པ་འདི་དག་གི་དོན་ཤེས་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན། ཁྱེད་ཀྱི་ལེགས་བཤད་དྲི་མེད་བསམ་ཡས་ཀྱིས། །ལྷར་བཅས་འཇིག་རྟེན་དགའ་བའི་ཡིད་བསྲུབས་པ། །བློ་གསལ་སྟོང་གིས་སྤོབས་པས་མི་སྤོབས་མོད། །ཕྱོགས་ཙམ་བསྙད་པས་བླུན་པོ་བདག་བློ་ཚིམ། །བླ་མའི་རྣམ་ཐར་ཅུང་ཟད་བརྗོད་པ་ལས། །བྱུང་བའི་དགེ་བས་སྐྱེ་བོ་མ་ལུས་པ། །ཆགས་སྡང་རྨོངས་པའི་མུན་པས་མི་བརྫི་བའི། །ཀུན་མཁྱེན་གསུང་གི་སྣང་བ་ཐོབ་པར་ཤོག །བདག་ཅག་གི་མཁན་པོ་འགྲོ་བ་མ་ལུས་པའི་རྩ་ལག་མཚུངས་པ་མེད་པའི་རིན་པོ་ཆེ་ནི་སྦྱིན་བདག་མཐའ་གཅིག་ཏུ་ངེས་པའི་མཚན་གྱིས་མ་བསྒྲིབས་པ་དེའི་རྣམ་པར་ཐར་པའི་བྱེ་བྲག་མདོ་ཙམ་ཞིག་བསྙད་པ་འདི། ཆོས་ཀྱི་རྒྱལ་པོ་ཉིད་དབུ་རུའི་ཀླུངས་སྐྱི་ཤོད་ཀྱི་དབེན་གནས་