R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༥༠
[A:༢༥༠]ཤོག །གཏམ་འདི་མཐོང་ཐོས་དྲན་དང་སེམས་པ་དང༌། །དད་དང་ལོག་ལྟ་རྒྱུད་ལ་སྐྱེས་པ་ཀུན། །མྱུར་དུ་ཚོགས་རྫོགས་བདུད་ཀྱི་གཡུལ་བཅོམས་ནས། །སྐུ་ལྔའི་རྒྱལ་སྲིད་མཆོག་ལ་གནས་གྱུར་ཅིག །བཀྲ་ཤིས་ཀུན་འབྱུང་བླ་མའི་བྱིན་རླབས་དང༌། བཀྲ་ཤིས་དཔལ་འབར་ཡི་དམ་བདེན་པ་དང༌། །བཀྲ་ཤིས་མཐུ་ལྡན་སྲུང་མའི་གཟི་བརྗིད་ཀྱིས། །བཀྲ་ཤིས་དཔལ་གྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །རྣམ་ཐར་འདི་གྲུབ་ནས་ལོ་ཕྱེད་དྲུག་བཞུགས། དེའི་བར་ལ་འཆད་རྩོམ་སྒོམ་སྒྲུབ་སྔར་ལས་ཀྱང་རྒྱ་ཆེ་བ་མཛད་འདུག་ནའང་ད་ལྟ་ཡི་གེར་འཁོད་པ་མེད་པས། ཆེད་གཉེར་འདོད་ན་གསན་ཡིག་དང་ཐུགས་དམ་གྱི་ཐོའི་ཕྱག་བྲིས་སོགས་ལས་འགའ་ཙམ་ཤེས་པར་ནུས་སོ།། །།མངྒ་ལཾ།། །།