R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༩༣
[A:༣༩༣]བརྒྱའི་ཆུན་པོ་ཕྱོགས་ཀྱི་སྒེག་མོའི་འགྲམ་པར་ཆགས། །ཆོས་ཀྱི་སྦྱིན་པོས་ཆོས་བཞིན་དུ། །ས་སྐྱོང་ས་ཡི་དབང་ཕྱུག་ནི། །མཁྱེན་ལྡན་མཆེད་བཅས་མཁྱེན་པའི་གསུང༌། །རྣར་སྙན་རྣ་བར་བསྐུལ་བའང་དྲན། །བཀྲ་ཤིས་མཚན་མས་རྣམ་མཛེས་པ། །ཆོས་ཀྱི་འདུན་སར་རིག་འཛིན་གྱི། །སྡེ་སྣོད་ཀློག་པའི་འདུས་པ་ཡང༌། །ཕལ་ཆེར་འདི་དོན་གཉེར་ཞེས་ཐོས། །ཡོངས་འཛིན་སྲིད་པའི་མིག་འཕྲུལ་ཅན། །དགྱེས་སྤྱོད་ས་ཡི་ཐིག་ལེ་ནི། །ཕུན་ཚོགས་འབྱོར་པ་ཡོལ་མདའི་ལྗོངས། །ཤེལ་དཀར་ར་བའི་ཁོར་ཡུག་དང༌། །ལྷན་ཅིག་འབྲས་ལྡན་ལྗོན་པའི་ཚལ། །རྣམ་རྒྱལ་འདུས་པའི་བསྟི་གནས་ནི། །སྐལ་བཟང་ཀུན་དགའི་ར་བ་ཡོད། །གངས་ཅན་ཁོར་ཡུག་འཛིན་མའི་དབུས་འགྱུར་ཚལ། །རི་ངོས་སྨན་ལྗོངས་གྲུབ་པའི་བསྟི་གནས་ཀྱི། །ཐོངས་ཟུང་སྐྱེ་བའི་སྨོན་ལམ་མཐུ་གྲུབ་པ། །དཀར་པོའི་ལས་འཕྲོ་སད་པའི་ཀུ་སཱ་ལི། །བློ་མཆོག་སྨྲ་བའི་ཟླ་བ་ཆ་ཤས་ཅན། །གྲོས་འདུན་གཅིག་ཏུ་དཀར་བའི་ཀུ་མུ་ད། །རྒྱལ་ཀུན་བསྔགས་པའི་ཟེའུ་འབྲུ་ཁ་འབྱེད་པ། །མཚན་བཟང་རི་དྭགས་གཟུགས་བརྙན་འཛིན་པ་ཤར། །ཐེག་མཆོག་མངོན་སུམ་ལམ་ལ་ཉམས་མྱོང་གི །འཇུག་ངོགས་མཐུན་དཔེ་གསལ་བའི་རྣམ་ཐར་བཞིན། །དྲི་ལན་ཤིང་རྟར་བཞུགས་པ་པདྨའི་གཉེན། །འཇིག་རྟེན་འདི་ན་བདུད་རྩིའི་འོད་བརྒྱ་འགྱེད། །ཡེ་ཤེས་གཟིགས་པའི་ཡོངས་འཛིན་ཐུགས་རྗེའི་ཕུལ། །ལང་ཚོའི་རྩེ་དགས་བསླུས་