R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༥༢
[A:༢༥༢]སྭ་སྟི། རྣམ་ཀུན་མཆོག་ལྡན་སངས་རྒྱས་ཞལ་འདི་གསུང་གི་སྒོ་དང་དཔལ་གྱི་བེའུ་རྟག་བཞུགས་པས། །གང་གི་ཞབས་སེན་ནོར་བུ་པདྨ་རཱ་གའི་ཕྲེང་མཛེས་གྲངས་མེད་ས་གཞིའི་ཐིག་ལེ་ཀུན་གྱི་ཅོད་པན་ནི། །ལེགས་བྱས་སྙིང་པོ་མཐོན་མཐིང་ལྕང་ལོ་སིལ་བུར་གྲོལ་བའི་ཚལ་དུ་བསྟེན་པའི་འོད་མདངས་ཀྱིས། །སྲིད་ཞིའི་ཕུན་ཚོགས་ལྟ་ན་སྡུག་པའི་སྐྱེ་མཆེད་སྣང་མཛད་རྒྱན་གྱི་དམ་པ་དེར་ཕྱག་འཚལ། །རང་རིག་བྱེད་པོའི་སྤྲུལ་པ་འཕྲིན་ལས་བཞིའི། །གཞན་ཕན་ཐིག་ལེ་མཆོག་མའི་ལང་ཚོ་ལ། །རྗེས་ཆགས་སྐུ་བཞིའི་རང་ཞལ་ལྷུན་གྲུབ་པ། །གང་དེས་མི་མཇེད་ཞིང་ཀུན་དགེ་བར་མཛོད། །རང་བཞིན་དཀར་པོའི་ཟླ་བ་ཆུ་ཤེལ་ཡང༌། །འོ་མའི་རྒྱ་མཚོར་ཞུགས་པའི་དྲི་བྲལ་གྱིས། །