R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༡༣
[A:༡༡༣] ༅། །དཔལ་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ་བཞུགས།༄༅༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཀུན་ནས་རྣམ་དག་བརྗོད་པའི་ཡུལ་ལས་རབ་འདས་ཀྱང༌། །སྨོན་ལམ་མཐར་ཕྱིན་གཞན་གྱི་དབང་གིས་རྣམ་པ་སྣ་ཚོགས་ཀུན་སྤྲུལ་ཞིང༌། །སྲིད་ཞིའི་དབང་ཕྱུག་མགོན་པོ་དེ་ཉིད་གསུམ་པོ་རང་བཞིན་འགྱུར་མེད་སྐུ། །བླ་མ་མཆོག་ལ་གུས་པས་བཏུད་ནས་རྣམ་ཐར་ཆ་ཙམ་བདག་གིས་བརྗོད། །བདག་ཅག་གི་བླ་མ་ཆོས་ཀྱི་རྗེ་འདི་ནི་ངེས་པར་རྡོ་རྗེ་འཆང་ཡིན་མོད། དེ་ལྟ་ན་ཡང་སོ་སོ་སྐྱེ་བོར་མཐོང་ཞིང་བརྟགས་སོ། །འོན་ཀྱང་ངོ་མཚར་བའི་རྣམ་པར་ཐར་པ་འགའ་ཞིག་མཐོང་སྟེ། འདི་ལྟར་ཆོས་ཀྱི་རྗེ་འདི་དང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པའི་རྨི་ལྟས་ཡུམ་ལ་བྱུང་སྟེ། ཀླུའི་རྒྱལ་པོའི་རིན་པོ་ཆེའི་མགོ་རྒྱན་ལ་སོགས་པ་མིག་གིས་ཀྱང་བལྟར་མི་བཟོད་པ་ལྟ་བུས་བརྒྱན་པ་ཅིག་ཁྱོད་ལ་གནས་ཁང་གཡར་བ་ཡིན་ཟེར་བས་བྱོན་པ་རྨིས་སོ། །ལྷུམས་ན་ཞུགས་པའི་དུས་ན་ཡང་ཡུམ་ལ་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་དང་རྒྱུད་ལ་ཏིང་ངེ་འཛིན་བཟང་པོ་བྱུང༌། བལྟམས་པའི་ཚེ་ན་ཡང་བྱང་ཆུབ་སེམས་དཔའ་བལྟམས་པའི་ལྟས་ཚོ་བྱུང༌། དེ་ནས་སྐྱེད་ཅུང་ཟད་བསྲིངས་ཏེ་གོག་ཐལ་ཐུབ་པའི་དུས་སུ། སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་སྨྲ་བ་བྱུང་བས། ཡུམ་ན་རེ་འདི་རང་གུ་པ་གཅིག་འོང་བ་ལགས་སམ། གཏམ་གོ་རྒྱུ་མེད་པའི་ངག་དོག་མང་པོ་ཟེར་བ་ཅིག་གདའ་ཞུས་པས། རྗེ་པས་སཾ་སྐྲྀ་ཏའི་སྐད་མཁྱེན་པས་ཁྱོད་ཀྱི་བུ་ལ་གུ་བ་བྱུང་དོགས་མེད་གསུང༌། ཡང་སུ་ལ་ཕྱག་མཛུབ་ཀྱིས་ན་ག་ར་དང༌། ལཉྫ་ལ་སོགས་པའི་རྒྱ་གར་གྱི་ཨཱ་ལི་ཀཱ་ལི་ཚང་བར་