R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༣༣
[A:༡༣༣]རངས་ཀྱི་ཆ་ཚུན་ཆོད་ལ་རེས་སྐུའི་རྒྱབ་ནས་བརྟེན། རེས་སྐུའི་སྟ་ཟུར་ནས་བརྟེན་པས་འདུལ་བ་རྒྱལ་མཚན་ལ་ཤོག་གསུངས་ནས། དཔོན་མོ་ཟོ་རོག་ཏས་ཕུལ་བའི་ཕྱམ་ཚེ་མཛེས་པ་དེ་ཁྱེར་ལ་ཤོག་གསུངས། བདག་ལ་ཁྱོད་འདི་གོན་འུ་ཅག་གཉིས་ཚེ་སྔ་མ་ནས་འབྲེལ་བ་མང་པོ་ཡོད་པ་ཡིན་གསུངས། ཁྱོད་དང་པོ་ངའི་ཇ་འདྲེན་པ་བྱས། དེ་ནས་མི་ཉག་འགའ་རུ་ཇོ་འབུམ་གུག་ཤྲཱིའི་རྩར་བརྫངས་དེ་ལ་ཧོར་གྱིས་དེད་པ་ལ་མ་ཤི་བས་ད་ལྟ་ངའི་ཞབས་ཏོག་མང་དུ་བྱས། ཕྱི་མ་ལ་ངའི་དྲུང་དུ་མི་སྐྱེ་ཀ་མེད་ཡིན་གསུངས། སྨལ་པོ་ཟླ་བའི་ཚེས་བཅུ་བཞིའི་ཐོ་རངས་ཀྱི་ཆ་ལ་སྣ་ཚོགས་རྒྱལ་མཚན་དང༌། རོལ་མོའི་སྒྲ་དང༌། གླུའི་མཆོད་པ་སྣ་ཚོགས་དང༌། ས་གཡོ་བ་དང་བཅས་པས་ཞི་བར་གཤེགས་པར་གྱུར་ཏོ། །ཉི་ཤུ་ལྔའི་ཉིན་པར་གདུང་བ་ཞུས་པའི་དུད་པ་ཐམས་ཅད་ཀྱང་འཇའི་རྣམ་པར་གྱུར། རོལ་མོའི་སྒྲ་མང་པོ་ཡང་སྐྱེ་བོའི་ཚོགས་པ་ཐམས་ཅད་ཀྱིས་ཐོས་སོ། །གདུང་ཡང་ཕལ་ཆེ་བ་ཞིག་རིང་བསྲེལ་དུ་གྱུར་ཏོ། །རྡོ་རྗེ་འཆང་དབང་ཆེན་པོ་ལ། །སོ་སོ་སྐྱེ་བོར་རྟོག་པ་འཁྲུལ། །དུང་ལ་སེར་པོར་མཐོང་དང་མཚུངས། །མཛད་པ་མཛད་ཀྱིན་བྱིན་གྱིས་རློབས། །བླ་མ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་པར་ཐར་པ་དང༌། བདེ་བ་ནས་བདེ་བར་གཤེགས་པའི་དུས་སུ་ལུང་བསྟན་པའི་རྟོགས་བརྗོད་ཆ་འགའ་ཙམ་ཞིག་བརྗོད་པ། དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་ལས། སླར་ཡང་བླ་མ་དམར་སྟོན་ཆོས་ཀྱི་རྒྱལ་པོ། མཁས་པ་རྒྱལ་བ་དཔལ། བི་ཇི་རིན་ཆེན་གྲགས། དམ་པ་ཀུན་དགའ་གྲགས། བར་སྟོན་རྡོ་རྗེ་རྒྱལ་མཚན་རྣམས་ཀྱིས་མཛད་པའི་རྣམ་ཐར་ལས་དོན་ཚང་བར་བསྡུས་ཏེ་སྒྲོ་སྐུར་དང་བྲལ་བའི་རྣམ་ཐར་གསུང་སྒྲོས་མ་ཡོངས་སུ་རྫོགས་སོ། །གསན་ཡིག་སོགས་རྒྱས་པར་དངོས་གྲུབ་བརྙེས་པའི་སློབ་དཔོན་རིན་ཆེན་དཔལ་གྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།