R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༤
[A:༦༢༤]ཀྱིས་གསུང་རྩོམ་མང་པོ་མཛད་རུང༌། ངེད་ཀྱིས་གོ་བ་དང་ཕན་པ་ཆེར་མི་འདུག །ད་ངེད་ལ་ཕན་ཐོགས་ངེས་ཤེས་པ་ཁྱེད་རང་བླ་མ་རྣམ་གཉིས་ཀྱི་རྣམ་ཐར། ཁྱད་པར་ཁྱེད་རང་གི་རྣམ་ཐར་རྒྱས་པ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན། ཆུ་སྦྲུལ་ཧོར་ཟླ་བདུན་པ་ནས་རྩོམ་པའི་མུ་ལ་ཞུགས་པས་ཚེ་ཡང་བར་སྐབས་ཞལ་ངོ་རྣམས་ཀྱིས་གསོལ་ཇ་དང་བཅས་གསོལ་འདེབས་ཡང་ཡང་མཛད། དེ་མཐུན་གྲང་མོ་ཆེ་ནས་གྲྭ་བགྲེས་རྣམས་ཀྱིས་ཀྱང་གསལ་བཏབ། ཆ་ཙམ་རྫོགས་པའི་ཚེ་ཡང་སྐུ་མཆེད་གཉིས་ཀྱིས་གསོལ་ཇ་དང་བཅས་བསྐུལ་ལྕག་མཛད། བསོད་ནམས་ཁྱེ་འདྲེན་དྲུང་གིས་གསོལ་ཇ། གསེར་གྱི་མཎྜལ་གོས་ཆེན་ཡུག་དང་བཅས་པ་ཕུལ་ནས། ད་འདིའི་འཕྲོ་མ་ལུས་པ་མྱུར་བ་ཞིག་རྩོམ་དགོས་ཞེས་གསུངས་ཤིང་བསྐུལ། ཁྱད་པར་ས་སྐྱོང་མིའི་དབང་པོ་ཆོས་སྐྱོང་ལྷུན་གྲུབ་ཀྱིས་གུག་གསེར་ཞོ་གང་ཕུལ་ནས་འདི་ལ་བཅུ་ཆབ་མཛད་དམ་གང་མཛད་ཀྱང་ཡོངས་སུ་རྫོགས་པ་ཞིག་དགོས་གསུང་བསྐུལ་བ་ནས། ཤིང་ཕོ་རྟ་ལོ་ཟླ་བ་ལྔ་པའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་སློབ་བཤད་ནོར་བུ་གླིང་གི་སྐྱེད་ཚལ་ཡངས་པར་རྫོགས་པར་གྲུབ་པ་དགེ་ཞིང་བཀྲ་ཤིས། སྤྲུལ་སྐུ་སྣང་རྩེ་བས་ཁྱུང་ཚང་བྲག་ནས་སྤྱན་དྲངས་པའི་ལུང་བསྟན་ལས། ད་ལྟའི་ལྕོག་རོ་ཀླུ་ཡི་རྒྱལ་མཚན་འདི་མ་འོངས་པ་ས་ཞེས་བྱ་བར་རྣལ་འབྱོར་པ་བསོད་ནམས་རྩེ་མོ་བྱ་བར་སྐྱེ། དེ་ནས་བདེ་བ་ཅན་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང༌། དེ་ནས་ལྔ་བརྒྱ་ཐམ་མའི་དུས་དེར་དགེ་སློང་ཀླུ་སྒྲུབ་བྱ་བ་སྟོད་དུ་ལམ་འབྲས་སྤེལ། དེ་འབྲེལ་ཚད་དོན་དང་