R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༥
[A:༦༢༥]ལྡན་པ་ཡིན་པས་དེ་ལ་ཀུན་གྱིས་འདུད་ཅིང་མཐའ་དམག་མི་འབྱུང་བའི་སྨོན་ལམ་གདབ་ཏུ་འཇུག་དགོས། དེས་ཕན་ཆེའོ་ཟེར་བ་ཡང་འདུག །འཆི་འཕོ་སྐྱེ་བ་དངོས་སུ་གཟིགས་པ་ཡི། །སྤྱན་མིག་གསལ་བ་པདྨཱ་ཀ་ར་ཡིས། །མ་འོངས་ལུང་བསྟན་བསམ་གྱིས་མི་ཁྱབ་པར། །ལོག་ལྟ་སྤངས་ནས་གསོལ་གདབ་བྱིན་རླབས་འཇུག །མང་དུ་ཐོས་པའི་མགོན་པོ་ཀླུ་སྒྲུབ་དེ། །རྒྱ་མཚོར་ཀླུ་རྒྱལ་གདན་དྲངས་སྨིན་གྲོལ་མཛད། །ཁ་བ་ཅན་འདིར་ཀླུ་སྒྲུབ་རྒྱ་མཚོ་ཞེས། །མཁས་གྲུབ་དུ་མས་ལུང་བསྟན་དེར་ཕྱག་འཚལ། །ཞེས་པ་འདི་ཞྭ་ལུ་སྐུ་ཞང་ཆོས་རྗེས་རྣམ་ཐར་གྱི་གསེབ་ཏུ་འཇུག་དགོས་ཟེར་བྲིས་པའོ། །དེ་ལྟར་རྩོམ་པོ་རང་ཉིད་ཀྱིས་ཟོག་དང་རྫུན་དང་ཧབ་འགྲོས་སྤངས་ཏེ་ལེགས་པར་སྦྱར་བའོ། །རང་གི་ལོ་རྒྱུས་གཏམ་གྱི་མུ་ཏིག་འཕྲེང༌། །སྙན་ཚིག་དར་གྱི་སྲད་བུ་ལ་བརྒྱུས་ཏེ། །དད་ལྡན་སྦྱིན་དང་བུ་སློབ་རྒྱན་དུ་འབུལ། །རབ་དང་ས་རབ་དགའ་བ་འཐོབ་གྱུར་ཅིག། །།སརྦ་མངྒ་ལཾ།། །།