R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༢༢
[A:༡༢༢]གནས་ཤིང་ཀུན་ཏུ་རྒྱས་གྱུར་ནས། །ཀུན་བཟང་མཆོད་སྤྲིན་ཇི་བཞིན་མཆོད་པར་ཤོག །བསམ་པའི་དོན་རྣམས་ཆོས་བཞིན་འགྲུབ་པ་དང༌། །ཐུབ་པའི་དགོངས་པ་མ་ལུས་གསལ་བ་དང༌། །སྙན་བརྒྱུད་ལེགས་བཤད་སྐལ་བཟང་ཀུན་ལ་སྒྲོག །བཤད་སྒྲུབ་བྱ་བས་ཉིན་མཚན་འདའ་བར་ཤོག །དེ་ཚེ་གེགས་དང་བར་ཆད་མ་ལུས་པ། །བསྟན་སྲུང་རྒྱ་མཚོ་འཁོར་དང་བཅས་རྣམས་ཀྱིས། །གཡེལ་མེད་སྲུང་ཞིང་མཐུན་རྐྱེན་ཀུན་གྲུབ་ནས། །མ་ལུས་བདུད་དཔུང་ཚོགས་རྣམས་ཚར་གཅོད་ཤོག །བརྩེ་ཆེན་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །གསང་ཆེན་རྒྱུད་སྡེ་ཟབ་མོའི་བདེན་ཚིག་གིས། །རླབས་ཆེན་སྨོན་ལམ་འགྲུབ་པའི་འབྲས་བུ་ཡིས། །ཐུབ་བསྟན་དར་རྒྱས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁས་གྲུབ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་དམ་པ་འདི་ཉིད་ཀྱི་རྣམ་ཐར་མཐའ་དག་ནི་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པས་བརྗོད་པར་སུ་ཡིས་ནུས། ཁྱད་པར་བདག་ལྟ་བུ་བློ་གྲོས་ཆུང་ཞིང་སྦྱངས་པ་ཞན་ལ་བརྗེད་ངས་པ། ཅུང་ཟད་སྦྱངས་པ་ཡང་དབེན་པ་སྙིང་དབུས་སུ་བཅུག་པའི་ཉམས་ལེན་ཕྲན་བུ་ལས་གཞུང་ལུགས་རྒྱ་ཆེན་པོ་ལ་མ་སྦྱངས་ཤིང༌། སྒྲ་སྙན་ངག་སོགས་ཀྱིས་དབེན་ཞིང༌། སྤོབས་པ་མ་མཆིས་པ་བདག་གིས་ག་ལ་ནུས། ཞལ་སློབ་མཁས་པ་དང་གྲུབ་པ་དག་གིས་མཛད་པའི་འོས་སུ་འདུག་ཀྱང༌། གྲུབ་པ་མཐོང་ཐོས་ཤིག་མ་བྱུང་བས་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་བཀོད་པ་འདི། ཞབས་ཕྱིར་རྒྱུན་རིངས་པས་རྒྱུས་ཆེ་བའི་དབང་དུ་བྱས་ནས་གསུང་ངག་རིན་པོ་ཆེས་གཙོས་པའི་རྙེད་པར་དཀའ་བའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་རྣམས་ཀྱི་བརྒྱུད་པའི་ཁ་སྐོང་དུ་མེད་ཁ་མེད་དུ་འདུག་པ་ནས་མྱུར་བར་དགོས་རྒྱུ་ཡིན་འདུག་ཀྱང༌། སྙོམ་ལས་སུ་ལུས་པ་ལས་དགེ་བའི་བཤེས་གཉེན་མང་པོ་དང༌། ཉེ་བར་ལེན་པའི་རྐྱེན་གྲུབ་རྒྱལ་ནས་སྡེ་པ་ཚེ་དབང་གྲགས་པས་བསྐུལ་