R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A):
[A:༢]༄༅༅། །ཨོཾ་སྭསྟི་སིདྡྷཾ། དཔལ་ལྡན་བླ་མ་དམ་པ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ་ཞེས་བྱ་བ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །མཻ་ཏྲི་མཁྱེན་བརྩེའི་པད་མཚོ་རབ་ཡངས་ཟབ་དོན་ཆོས་ཀྱི་ནོར་བུས་གཏམས། །ཐུབ་དབང་འཕྲིན་ལས་ཉི་མའི་ཐིག་འཕྲེང་གང་དུ་བཞུགས་པའི་འདབ་བརྒྱའི་ཚལ། །ཚོགས་གཉིས་ཟེའུ་འབྲུའི་འཛུམ་དཀར་རྩེར་སོན་དངོས་གྲུབ་སྦྲང་རྩིའི་དཔལ་ཡོན་ཅན། །བསྐལ་བཟང་བུང་བའི་ཉེར་འཚོའི་དབང་པོ་འདྲེན་མཆོག་དམ་པར་སྙིང་ནས་འདུད། །གང་གི་དྲིན་ལས་ལྷན་སྐྱེས་བདེ་བ་ཆེ། །བདེ་བླག་ཉིད་དུ་འབྱིན་པའི་སྐལ་བཟང་གི །སྲིད་ཞིའི་འཇིགས་བྲལ་དཔལ་ལྡན་བླ་མ་ལ། །གུས་པས་འདུད་དོ་སྙིང་དབུས་པདྨོར་བཞུགས། །རྒྱལ་བའི་ཡེ་ཤེས་སྒྱུ་མའི་སྣང་