R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༣༤
[A:༣༣༤]རང་གྲོལ་གྱི་ཆོ་ག །དེ་ཡང་ཉི་མ་རེ་ལ་སྒྲུབ་ཅིང་མཆོད་པ་དང་འཇུག་ཅིང་དབང་བསྐུར་བ་དང་བཅས་པ་ཚར་གཉིས་རེའི་གསོལ་བ་འདེབས་པ་དང༌། ཞག་བདུན་ནས་སྟ་གོན་སྐྱར་བ་སོགས་བརྒྱུད་པ་འདི་པའི་སྒྲོས་ཐུན་མོང་མ་ཡིན་པ་ཕྱག་ལེན་ལ་ལྷད་མ་ཞུགས་པ་དང་བཅས་དགུང་ཚིགས་གཉིས་ཀྱི་བར་དུ་གསོལ་བ་བཏབ་པའི་བར་ལ་ཡང་མེ་ཏོག་གི་ཆར་ཐུལ་བ་འབབ་པ་ཀུན་གྱིས་མཐོང་བར་བྱུང་ངོ༌། །གཞན་ཡང་འབངས་མངའ་འོག་ཏུ་གཏོགས་ཚད་དེར་མ་འདུས་པའི་སྐྱ་སེར་ཕོ་མོ་ཐམས་ཅད་ལ་རྩམ་འབོའི་སྦྱིན་བཏང་དང༌། དེར་མ་ཟད་དགེ་འདུན་གྱི་སྡེ་དང་སྒྲུབ་སྡེ་སོ་སོར་མང་ཇ་རྩམ་འབོ་སྦྲེལ་པོའི་བསྙེན་བསྐུར་དང༌། གཞན་ཡང་ཆོས་སྡེ་སྒྲུབ་སྡེ་སོ་སོ་ནས་དུས་རྒྱུན་དང་ཁྱད་པར་ལོ་དུས་ཀྱི་མཆོད་པའི་ཆ་རྐྱེན་སོགས་ཐམས་ཅད། རྗེ་བཙུན་བླ་མ་དམ་པ་གང་གི་ཡེ་ཤེས་ཀྱི་གཟིགས་པ་དམ་པ་མཚོན་པའམ་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པའི་ཕྱིར། གང་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་བསྐྲུན་པའི་རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་པོ་ཚོགས་ཆེན་གྱི་དབུ་ལ་གདན་དྲངས་ཏེ་བསྔོ་བའི་རྟེན་དང་བཅས་པས་མཐར་ཡོངས་སུ་རྫོགས་པར་མཛད་དོ། །ཞེས་ཡོངས་འཛིན་དམ་པ་གྲུབ་པ་བརྙེས་པའི་དབང་པོ་འཇམ་དཔལ་ཁྲོ་བོ་མིའི་གཟུགས་ཀྱིས་རྣམ་པར་རོལ་པ་འབྲུའི་སྔགས་འཆང་ཆེན་པོ་བསོད་ནམས་ལྷུན་གྲུབ་ཆོས་འཕེལ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ངོ་མཚར་གྱི་མཛད་པ་རིན་པོ་ཆེའི་ཁ་སྐོངས་སུ། དམ་པ་ཉིད་གདུལ་བྱའི་ཞིང་ཁམས་རྒྱ་ཆེ་བ་གཞན་དུ་དགོངས་ནས་ཆོས་དབྱིངས་སུ་གཟིགས་པའི་རྣམ་ཐར་ཆུང་ངུ་འདི་ནི། ཡོངས་འཛིན་དམ་པ་ཉིད་ཀྱི་སྐུ་གསུང་ཐུགས་ལས་འཁྲུངས་པའི་བྱང་ཆུབ་སེམས་